Degé Kangyur volume 50, F.186.a

གྱོ་མོ་དང་། ཚེར་མ་དང་། ཚང་ཚིང་དག་མ་མཆིས་པ་དང་། ཤིང་ལྗོན་པ་དག་མ་མཆིས་པ་དང་། རྒྱ་མཚོ་ཆེན་པོ་དག་མ་མཆིས་པ་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །​དེ་ན་ཉི་མ་དང་ཟླ་བ་དག་མ་མཆིས་པ་དང་། སྐར་མའི་གཟུགས་རྣམས་མ་མཆིས་པ་དང་། ཉིན་མོ་དང་མཚན་མོ་མ་མཆིས་པ་དང་། མུན་པ་ཐིབས་པོ་མ་མཆིས་པ་དང་། དེ་ན་སེམས་ཅན་རྣམས་ལ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མ་མཆིས་པ་དང་། ལུས་ཀྱི་རྔུལ་དང་། དྲི་ང་བ་མ་མཆིས་པ་དང་། སེམས་ཅན་རྣམས་ལ་ལུས་ངལ་བ་མ་མཆིས་པ་དང་། སེམས་ངལ་བ་མ་མཆིས་པར་གྱུར་ཅིག །​དེ་ན་འཐུལ་བ་མ་མཆིས་པར་གྱུར་ཅིག །​དེ་ནས་གཞི་ཐམས་ཅད་རིན་པོ་ཆེའི་རྡོའི་སྙིང་པོ་ལས་གྲུབ་པར་གྱུར་ཅིག ། རིན་པོ་ཆེ་འབུམ་ཕྲག་དུ་མས་བརྒྱན་ཅིང་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་བཀྲམ་པར་གྱུར་ཅིག །​སངས་རྒྱས་ཀྱི་ཞིང་དེར་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་དག་གིས་བརྒྱན་པར་གྱུར་ཅིག །​རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བ་དག་གིས་བརྒྱན་པར་གྱུར་ཅིག །​རིན་པོ་ཆེ་སྣ་ཚོགས་ཀྱི་རས་བཅོས་བུ་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་གོས་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱི་རྒྱན་གྱིས་བརྒྱན་པར་གྱུར་ཅིག །​རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ལ་མེ་ཏོག་ཕྲེང་སྣ་ཚོགས་དག་དང་། རོལ་མོའི་སྒྲ་སྣ་ཚོགས་དག་དང་། རིན་པོ་ཆེའི་སྣོད་སྣ་ཚོགས་དག་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་དག་གིས་བརྒྱན་པར་གྱུར་ཅིག །​དེ་ན་གང་གི་ཚེ་མེ་ཏོག་དག་ཁ་ཟུམས་ཤིང་རོལ་མོའི་སྒྲ་དག་མི་གྲག་པ་མ་གཏོགས་པར་མཚན་མོ་མི་མངོན་པར་གྱུར་ཅིག །​མེ་ཏོག་ཁ་ཟུམས་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་དག་སྐྱེ་བར་གྱུར་ཅིག །​དེར་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་པ་ན་ཏིང་ངེ་འཛིན་སྣང་བ་བཀོད་པ་ཞེས་བགྱི་བ་ཐོབ་པར་གྱུར་ཅིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-1906#UT22084-050-003-1906