Degé Kangyur volume 32, F.383.b

དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དག་ཀྱང་འདི་ལས་ངེས་པར་བྱུང་བ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འདི་ལས་བྱུང་བ་ཡིན་ལ། ཀུན་དགའ་བོ་འདི་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །​ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་འདིའམ། གཞན་གྱི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། འདི་ཉིད་ཡི་གེར་བྲིས་ཏེ་གླེགས་བམ་དུ་བྱས་པ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེར་མིའམ། མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །​སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་དག་ལ་ཐེག་པ་གང་ཡང་རུང་བས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པས་ན་དོན་ཆེ་བ་ཡིན་ནོ། །​ཀུན་དགའ་བོ་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་བྱུང་བར་ཤེས་པར་བྱའོ། །​ཀུན་དགའ་བོ་དཔེར་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་ཡོད་ལ། ནོར་བུ་རིན་པོ་ཆེ་དེ་ཡང་ཡོན་ཏན་འདི་དག་དང་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5512#UT22084-031-002-5512