Degé Kangyur volume 32, F.370.b

རབ་འབྱོར་གང་ཡང་འདི་སྐད་ཅེས་གལ་ཏེ་བྱང་ཆུབ་ཉིད་ལམ་ཡིན་ལ། ལམ་ཉིད་ཀྱང་བྱང་ཆུབ་ཡིན་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་ཐོབ་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སངས་རྒྱས་ནས་བར་དེར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་དེ་བཞིན་གཤེགས་པ་ཞེས་སྟོན་ཏོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། སྲིད་པ་ཐ་མའི་བར་དུ་གཞན་དག་གི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པར་བྱེད་དོ། །​གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་གང་ལགས། ངག་གི་གནས་ངན་ལེན་གང་ལགས། ཡིད་ཀྱི་གནས་ངན་ལེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དེ་ནི་ལུས་ཀྱི་གནས་ངན་ལེན་ཡིན་ནོ། །​བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་གང་ཡིན་པ་དེ་ནི་ངག་གི་གནས་ངན་ལེན་ཡིན་ནོ། །​བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དེ་ནི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5486#UT22084-031-002-5486