Degé Kangyur volume 32, F.234.a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དག་བསྟེན་པར་བྱ་ཞིང་བསྙེན་བཀུར་བྱའོ། །​དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པར་འགྱུར་ཏེ། རིགས་ཀྱི་བུ་ཚུར་ཤོག །​སེམས་ཅན་རྣམས་ལ་སྦྱིན་པ་གང་ཅི་གཏོང་ཡང་རུང་། དེ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱོས་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །​ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་གཟུགས་སུ་མ་རྟོག་ཤིག་དེ་བཞིན་དུ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པར་མ་རྟོག་ཤིག །​དེ་བཞིན་དུ་ཚུལ་ཁྲིམས་གང་ཅི་སྲུང་ཡང་རུང་། བཟོད་པ་གང་ཅི་སྒོམ་ཡང་རུང་། བརྩོན་འགྲུས་གང་ཅི་རྩོམ་ཡང་རུང་། བསམ་གཏན་གང་ཅི་ལ་སྙོམས་པར་འཇུག་ཀྱང་རུང་། ཤེས་རབ་གང་ཅི་སྒོམ་ཡང་རུང་། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱོས་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །​དེ་བཞིན་དུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་གཟུགས་སུ་མ་རྟོག་ཤིག །​དེ་བཞིན་དུ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པར་མ་རྟོག་ཤིག །​ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མ་རྟོག་ཤིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5213#UT22084-031-002-5213