Degé Kangyur volume 32, F.169.b

པའི་ཚུལ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མི་དམིགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་བསྟན་ཅིང་། དེ་བཞིན་དུ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་བསྟན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་ཐེག་པ་གསུམ་པོ་དག་རྒྱ་ཆེར་བསྟན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །​དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཐེག་པ་གསུམ་པོ་དག་རྒྱ་ཆེར་བསྟན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །​དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་གཟུང་བ་བསྟན་ཅིང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་པ་དང་། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་གཟུང་བ་བསྟན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5084#UT22084-031-002-5084