Degé Kangyur volume 49, F.12.a

རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །​ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུང་། །​དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །​དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །​རབ་འབྱོར་གྱི་ལེའུ་སྟེ་བཞི་པའོ།​། །​།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ། བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​བློ་གྲོས་ཡངས་པ་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །​བློ་གྲོས་ཡངས་པ་དེའི་ཕྱིར་ཉོན་ཅིག་དང་། སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ། །​བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་ཅན་གྱི་རིས་གང་དང་གང་དུ་ཡང་སྒོ་ང་ནས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ནས་སྐྱེ་བའམ། ཡང་ན་དྲོད་གཤེར་ལས་སྐྱེ་བའམ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh106.html?part=UT22084-049-001-1755#UT22084-049-001-1755