Degé Kangyur volume 48, F.61.b

ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏེ། མཐུ་དེ་ནི་དེའི་ཡིན་ནོ། །​དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་འཇིག་རྟེན་གྱི་ཁམས་དེར་བདག་མཆི་བར་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​དེ་ནས་དེ་བཞིན་གཤེགས་པ་སྣ་ཚོགས་མེ་ཏོག་ཚོགས་ཀྱི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མཐའ་ཡས་ཀྱི་ལག་པར་པད་མ་ཆེན་པོ་ཞིག་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་པད་མ་ཆེན་པོ་འདི་ཕུལ་ལ། ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣ་ཚོགས་མེ་ཏོག་ཚོགས་ཀྱི་དཔལ་གྱི་ཞབས་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དེས་སོང་སྟེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་འདུག་གོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མཐའ་ཡས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་སྣ་ཚོགས་མེ་ཏོག་ཚོགས་ཀྱི་དཔལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4138#UT22084-048-001-4138