Degé Kangyur volume 47, F.300.b

ཕྱག་འཚལ་ལོ། །​དམིགས་པ་དག་དང་སེམས་རྣམས་ནི། །​ངོ་བོ་ཉིད་ཀྱི་མཆིས་མ་ལགས། །​བསམ་ཡས་མཉམ་པ་ཉིད་བརྙེས་པ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​གནས་པ་མི་མངའ་མཁྱེན་པ་ཡིས། །​ཞིང་རྣམས་ཀུན་དང་དེ་བཞིན་དུ། །​སེམས་ཅན་ཀུན་གྱི་སྤྱོད་གཟིགས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​སངས་རྒྱས་རྣམས་ཀྱིས་ལན་འགའ་ཡང་། །​སེམས་དང་ཆོས་ཀུན་གཏན་མ་དམིགས། །​ཆོས་རྣམས་ཐམས་ཅད་ཀུན་མཁྱེན་པ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །​སྒྱུ་མ་ཉིད་ཀྱང་མཆིས་མ་ལགས། །​སྒྱུ་མའི་ཆོས་ལས་རྣམ་གྲོལ་བ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​རྫོགས་སངས་འཇིག་རྟེན་སྤྱོད་མཛད་ཀྱང་། །​འཇིག་རྟེན་ཆོས་ལ་རྟེན་མི་མཛད། །​འཇིག་རྟེན་རྣམ་རྟོག་མི་མངའ་བ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​སྟོང་ཕྱིར་སྟོང་ལ་སྤྱོད་མཛད་ཅིང་། །​ཁྱོད་ཉིད་སྟོང་ཞིང་སྤྱོད་ཡུལ་སྟོང་། །​སྟོང་པ་སྟོང་པར་སྟོན་མཛད་པ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །​སྒྱུ་འཕྲུལ་ཆེན་པོས་རྣམ་འཕྲུལ་ཞིང་། །​ཐ་དད་མ་མཆིས་སྙོམས་ཞུགས་པ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​དུ་མ་མ་ལགས་གཅིག་མ་ལགས། །རིང་དང་ཉེ་ལ་མི་འཇུག་ཅིང་། །​གདེག་དང་གཞག་པ་མི་མངའ་བ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །​སྐད་ཅིག་གཅིག་ལ་མངོན་སངས་རྒྱས། །​དངོས་མ་མཆིས་པར་མཉམ་གཞག་པ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​འདྲེན་པ་དུས་རྣམས་ཐམས་ཅད་དུ། །​མི་གཡོ་མྱ་ངན་འདས་པ་རྟོགས། །​སྣ་ཚོགས་ཐབས་དང་ལྡན་པ་པོ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​སེམས་ཅན་རྣམས་ཀྱི་བརྒྱུད་པའི་ཐབས། །​མཁྱེན་པས་མཁས་པར་གྱུར་པ་ལགས། །​དེ་ཕྱིར་མི་གཡོ་མྱ་ངན་འདས། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མ་མི་མངའ་ལྷུན་གྱིས་གྲུབ། །​སྤྲོས་པ་མི་མངའ་སྐྱོན་མི་མངའ། །​སྣང་མེད་བདག་གི་མི་མངའ་བ། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །​རྣམ་རྟོག་མི་མངའ་སྐྱོན་མི་མངའ། །​བདག་གིས་བདག་ཉིད་ཇི་བཞིན་པར། །​ཀུན་ཏུ་མཁྱེན་པ་ཐམས་ཅད་མཁྱེན། །​མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh100.html?part=UT22084-047-002-439#UT22084-047-002-439