Degé Kangyur volume 47, F.297.a

།རྣམ་པ་མེད་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །​རྣམ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སེམས་པ་དང་འཇལ་བ་དང་། བགྲང་བ་དང་། སོ་སོར་རྟོག་པའོ། །​རྣམ་པ་མེད་པ་ཞེས་བྱ་བ་ནི་གཞལ་བ་ལས་ཡང་དག་པར་འདས་པ་སྟེ། གཞལ་བ་ལས་ཡང་དག་པར་འདས་པ་ཡང་གང་ཞེ་ན། གང་ལ་རྣམ་པར་ཤེས་པའི་ལས་མེད་པའོ། །​རྣམ་པ་ཞེས་བྱ་བ་ནི་འདུས་བྱས་ལ་སོ་སོར་རྟོག་པའོ། །​རྣམ་པ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ལ་སོ་སོར་རྟོག་པའོ། །​འཇམ་དཔལ་བྱང་ཆུབ་ནི་ཟག་པ་མེད་པ་ཉིད་དང་། ལེན་པ་མེད་པ་ཉིད་ཡིན་ཏེ། འཇམ་དཔལ་དེ་ལ་ཟག་པ་མེད་པ་གང་ལེན་པ་མེད་པ་ཉིད་གང་ཞེ་ན། འཇམ་དཔལ་ཟག་པ་མེད་པ་ཉིད་ཅེས་བྱ་བ་ནི་ཟག་པ་བཞི་དང་བྲལ་བ་སྟེ། བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། ཟག་པ་བཞི་པོ་དེ་དང་བྲལ་བའོ། །​ལེན་པ་མེད་པ་ཉིད་ཅེས་བྱ་བ་ནི་ལེན་པ་བཞི་དང་བྲལ་བ་སྟེ། བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པ་སྟེ། ལེན་པ་བཞི་པོ་དེ་དག་དང་བྲལ་བའོ། །འཇམ་དཔལ་དེ་ལ་སེམས་ཅན་མ་རིག་པས་ལྡོངས་པར་བྱས་པ། སྲེད་པས་དཀྲུགས་པར་གྱུར་པ་དག་ནི་ཕན་ཚུན་མངོན་པར་ཞེན་པར་གྱུར་ནས་ལེན་པར་བྱེད་ཀྱི་དེ་བཞིན་གཤེགས་པས་ནི་བདག་ཏུ་སྨྲ་བའི་ལེན་པ་རྩ་བ་ཡིན་པར་ཡོངས་སུ་ཤེས་ནས། བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་རྗེས་སུ་རྟོགས་པར་གྱུར་ཏེ། བདག་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ལ། གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཡིན་ནོ། །​འཇམ་དཔལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་། རྣམ་པར་ཤེས་པ་འཇུག་པར་མི་འགྱུར་ཏེ། འཇམ་དཔལ་གང་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཡོངས་སུ་རྟོགས་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh100.html?part=UT22084-047-002-432#UT22084-047-002-432