Degé Kangyur volume 47, F.288.a

ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། སྤྲོས་པ་ཡོད་པ་མ་ཡིན། སྤྲོས་པ་མེད་པ་མ་ཡིན། སྒྲ་མ་ཡིན། སྒྲ་མེད་པ་མ་ཡིན། བལྟར་སྣང་བ་མ་ཡིན། བལྟར་མི་སྣང་བ་མ་ཡིན། ཡི་གེ་མེད་པ། སྒྲ་མེད་པ། སྒྲ་ལས་ཡང་དག་པར་འདས་པ། གཞལ་དུ་མེད་པ། གཞལ་བ་ལས་ཡང་དག་པར་འདས་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བ། ཞི་བ་མ་ཡིན། མ་ཞི་བ་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན། སེམས་པ་ཡོད་པ་མ་ཡིན། སེམས་པ་མེད་པ་མ་ཡིན། སེམས་ཡོད་པ་མ་ཡིན། སེམས་མེད་པ་མ་ཡིན། སྣང་བ་མ་ཡིན། མི་སྣང་བ་མ་ཡིན། བསྟན་ཏུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། རང་བཞིན་སྟོང་པ། དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པ། རྟོག་པ་མེད་པ། དཔྱོད་པ་མེད་པ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་ལ། དུས་གསུམ་ལས་ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ་འོན་ཀྱང་སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱིས་ལྷག་པའི་བསམ་པ་དང་། རྣམ་པར་རིག་པ་སྣ་ཚོགས་དག་ལས་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཀུན་ཏུ་ཤེས་པར་འགྱུར་རོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ས་ལ་བསྟེན་ཅིང་ས་ལ་གནས་ནས་རྩྭ་དང་ཤིང་གེལ་བ་དང་། རྩི་དང་ནགས་ཚལ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་ཡང་འཇམ་དཔལ་ས་ནི་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། ཐམས་ཅད་དུ་མཉམ་ཞིང་རྣམ་པར་མི་རྟོག་པ། བྱེ་བྲག་མི་འབྱེད་ཅིང་སེམས་པར་མི་བྱེད་དེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་ཡིན་ནོ། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་བརྟེན་ཅིང་དེ་བཞིན་གཤེགས་པ་ལ་གནས་ནས་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་ལ། དེ་བཞིན་གཤེགས་པ་ལ་བརྟེན་ཅིང་དེ་བཞིན་གཤེགས་པ་ལ་གནས་ནས་སྤྱོད་པ་པ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh100.html?part=UT22084-047-002-414#UT22084-047-002-414