Degé Kangyur volume 30, F.112.b

ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་དག་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་དག་ཀྱང་ཐུགས་སུ་ཆུད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུགས་སུ་ཆུད། དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་དག་ཀྱང་ཐུགས་སུ་ཆུད་པ་ནི་ངོ་མཚར་ལགས་སོ། །​བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་ཡོངས་སུ་ཚོལ་བར་བགྱིད་དེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚོལ་བ་དང་། ཡོངས་སུ་ཚོལ་བར་བགྱིད་པ་ན། ཁ་ཅིག་གིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་ན་རྙེད་པར་འགྱུར་ལགས་སོ། །​ཁ་ཅིག་གིས་ནི་རྙེད་པར་མི་འགྱུར་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ནི་དེ་ལྟ་མ་ཡིན་ནོ། །​དེ་ནི་དེ་ལྟ་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་པར་མི་གཏོང་བ་དེ་དག་ལས་ཕལ་ཆེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་རྙེད་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་ཆེད་དུ་བརྩོན་པར་བྱེད་པའི་ཕྱིར་རོ། །​ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་ཟབ་མོ་འདི་དག་རྙེད་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་འདུན་པ་དྲག་པོ་དང་། དད་པ་ཆེན་པོས་ལུས་དང་སྲོག་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་བརྩོན་པར་བྱེད་པ་དེ་དག་གིས་ནི་རྙེད་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12202#UT22084-029-001-12202