Degé Kangyur volume 30, F.79.a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་ན། དེ་ལ་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་གང་ཞིག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པ་ཡིན་ནོ། །​ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམ་འམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བདག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེ་ཡང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་དོ། །​ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་སྤྲུལ་པ་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམ་འམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེ་ཡང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་དོ། །​ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམའམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱ་བར་སེམས་པ་དེ་ཡང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12135#UT22084-029-001-12135