Degé Kangyur volume 30, F.60.a

དུ་འགྲོ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་དོ། །​རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་དག་མཐོང་བར་གྱུར་ལ། དེ་དག་གི་དྲུང་ན་སློབ་པའི་ཚེ། དམིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམས་པ་དག་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་འཁོར་དེ་ནས་འགྲོ་བར་འགྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་གུས་པ་མེད་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་ནས་འགྲོ་བར་འགྱུར་རོ། །​རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་དེ་དག་ནི་འདི་ཉིད་དུ་ཡང་འདུས་ཏེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་འགྲོ་བར་བྱེད་པ་དག་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པ་ན་ཕྱིར་སོང་བར་གྱུར་ལ། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་ཡང་དེ་དག་ཕྱིར་འགྲོ་བར་བྱེད་ཅིང་། ལུས་དང་སེམས་ཀྱི་ཚོགས་པར་མི་བྱེད་པས། དེ་དག་ཤེས་རབ་འཆལ་པར་འགྱུར་བའི་ལས་སོགས་པར་འགྱུར་ཏེ། དེ་དག་གིས་ཤེས་རབ་འཆལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་སྤོང་བར་འགྱུར་རོ། །​དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་པས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྤངས་པར་འགྱུར་ལ། དེ་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱ་བ་བྱས་ཤིང་བསགས་པ་དེ་དང་། ཆོས་ཀྱིས་ཕོངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12097#UT22084-029-001-12097