Degé Kangyur volume 29, F.166.a

བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པའོ། །​དེ་ཡང་མི་དམིགས་པའི་ཚུལ་གྱིས་འཇུག་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། གཟུངས་ཀྱི་སྒོ་རྣམས་གང་ཞེ་ན། འདི་ལྟ་སྟེ་ཡི་གེའི་ཚུལ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་འཇུག་པའོ། །​དེ་ལ་ཡི་གེའི་སྒོ་དང་། ཡི་གེས་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​པ་ཞེས་བྱ་བ་ནི་དོན་དམ་པར་ཁྱད་པར་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​ན་ཞེས་བྱ་བ་ནི་མིང་མི་དམིགས་པའི་ཚུལ་གྱིས་མིང་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །​ད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11710#UT22084-029-001-11710