Degé Kangyur volume 29, F.144.a

རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །​དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱི་རོལ་གྱི་ཆོས་རྣམས་ཏེ། འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་སོ། །​དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །​དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ནི་ཆོས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །​དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་དེ་དག་ནི་ཕྱི་དང་ནང་གི་ཆོས་རྣམས་ཞེས་བྱའོ། །​དེ་ལ་ནང་གི་ཆོས་རྣམས་ཕྱིའི་ཆོས་རྣམས་ཀྱིས་སྟོང་པ་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ནང་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཕྱིའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །​ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཕྱི་རོལ་གྱི་ཆོས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་ནང་གི་ཆོས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཀྱིས་སྟོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །​དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་པའོ། །​དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །​དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11666#UT22084-029-001-11666