Degé Kangyur volume 29, F.121.b

པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །​ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཆགས་པ་མེད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །​ཇི་སྐད་སྨྲས་པ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །​ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་མེད་པ་ཡང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །​ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མེད། མངོན་པར་ཞེན་པར་འགྱུར་བ་མེད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ལྟ་བ་སྤོང་བའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།​། །​།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དོན་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལ་བདག་ཀྱང་སྤོབས་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་སྤོབས་པར་གྱིས་ཤིག །​གང་པོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་ནི་གོ་ཆ་ཆེན་པོ་བགོས་པ་ལགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11621#UT22084-029-001-11621