Degé Kangyur volume 29, F.115.a

སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་རྣམས་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་འཇིག་རྟེན་པའི་ཆོས་གང་ཇི་སྙེད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་རྣམས་ཞེས་བྱའོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པའི་ཏིང་ངེ་འཛིན་དང་། མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། དྲན་པ་དང་། ཤེས་བཞིན་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །​ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །​སྡུག་པ་ཉིད་དུ་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11608#UT22084-029-001-11608