Degé Kangyur volume 29, F.97.a
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་ཇི་སྐད་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ཡང་གཞན་ལ། གཟུགས་ཀྱང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ཞིག་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ཡང་གཞན་ལ། མིག་ཀྱང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། གཟུགས་ཀྱང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། མིག་གི་རྣམ་པར་ཤེས་པ་ཡང་གཞན་ཞིག་ཡིན་སྙམའམ། སྒྱུ་མ་ཡང་གཞན་ལ། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ། མིག་གི་འདུས་ཏེ་རེག་པ་ཡང་གཞན་ཞིག་ཡིན་སྙམ་འམ། སྒྱུ་མ་ཡང་གཞན་ལ་རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ཞིག་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ཡང་གཞན་ལ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11572#UT22084-029-001-11572