Degé Kangyur volume 29, F.86.b

དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ནི་གཟུགས་ཀྱི་མཚན་ཉིད་དང་བྲལ་བའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བའོ། །​དེ་བཞིན་དུ་ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བའོ། །​མཚན་ཉིད་ཀྱང་མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའོ། །​མཚན་ཉིད་ཀྱི་རང་བཞིན་ཡང་མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའོ། །​ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་ཤིང་བྱུང་བ་མེད་པའི་ཕྱིར་རོ། །​ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་བྱུང་བ་མེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་དང་ངེས་པར་འབྱུང་བ་མི་དམིགས་སོ། །​དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་དང་འབྱུང་བ་མི་དམིགས་སོ། །​དེ་བཞིན་དུ་ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐས་སྟོང་སྟེ། དེ་ལ་སྐྱེ་བ་དང་། ངེས་པར་འབྱུང་བ་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ནོ། །​དེ་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་ལུས་ཡོངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11551#UT22084-029-001-11551