Degé Kangyur volume 29, F.83.b

ལགས་སོ། །​འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ནི་མཚན་མ་ལགས་སོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་ལགས་སོ། །​ཡི་གེ་རྣམས་ནི་མཚན་མ་ལགས་སོ། །​གཅིག་བརྗོད་པ་ནི་མཚན་མ་ལགས་སོ། །​གཉིས་བརྗོད་པ་ནི་མཚན་མ་ལགས་སོ། །​ཐ་དད་པ་བརྗོད་པ་ནི་མཚན་མ་ལགས་སོ། །​མངོན་པར་ཤེས་པ་ནི་མཚན་མ་ལགས་སོ། །​གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ནི་མཚན་མ་ལགས་ཏེ། དེ་ནི་ཉོན་མོངས་པ་ཞེས་བགྱིའོ། །​གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མཚན་མར་གཟུང་བར་བགྱི་བ་ཞིག་ལགས་ན་ནི་ཀུན་ཏུ་རྒྱུ་བཟོ་སྦྱངས་དེ་བསྟན་པ་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་དད་པ་ཐོབ་པར་མི་འགྱུར་ལགས་སོ། །​དད་པ་གང་ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་དང་། རྟོག་པ་དང་། མོས་པ་དང་། རྟེན་པ་དང་། སེམས་པ་དང་། འཇལ་བ་དང་། དཔྱོད་པ་སྟེ། དེ་ཡང་མཚན་མའི་ཚུལ་དུ་མ་ལགས། མཚན་མ་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་སོ། །​དེ་ལྟར་དེ་ནི་མཚན་མ་དང་། མཚན་མ་མ་མཆིས་པ་དང་། གཟུང་བ་མ་མཆིས་པར་བཟུང་བར་བགྱི་བ་ལགས་ཏེ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་ནས། དད་པས་རྗེས་སུ་འབྲང་བས་ཉི་ཚེ་བའི་ཤེས་པས་ཞུགས་ཏེ། དེ་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11545#UT22084-029-001-11545