Degé Kangyur volume 31, F.187.b

འདས་གྲངས་མེད་དཔག་ཏུ་མེད་པ་དག །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་སྟོན་པ་དག་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ནས་དབུགས་དབྱུང་བ་མཛད་དེ། ཚིག་འདི་སྐད་ཀྱང་གསུང་ངོ་། །​རིགས་ཀྱི་བུ་ངེད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཞིན་དུ་བཙལ་ཏེ། ཡོངས་སུ་ཚོལ་བ་ན་ཡང་ཏིང་ངེ་འཛིན་འདི་དག་ཐོབ་སྟེ། ཏིང་ངེ་འཛིན་འདི་དག་ཐོབ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏེ། ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་ཆོས་ལ་གནས་པར་གྱུར་ཏོ། །​ངེད་ཀྱིས་ཏིང་ངེ་འཛིན་འདི་དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན། གང་མཉམ་པར་གཞག་པར་བྱ་བའམ། ལྡང་བར་བྱ་བའམ། བྱང་ཆུབ་ཏུ་སྤྱད་པའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་ཏེ། རིགས་ཀྱི་བུ་ཆོས་གང་གིས་ཀྱང་རློམ་སེམས་སམ། རློམ་སེམས་མེད་པར་མི་བྱེད་པ་ལ་གནས་ནས་ངེད་ཀྱིས་འདི་འདྲ་བའི་ལུས་གསེར་གྱི་ཁ་དོག་ལྟ་བུ་ཐོབ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བླ་ན་མེད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་སྟེ། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་དེ་བཞིན་གཤེགས་པ་དག་གིས་ཀྱང་ཚད་གཟུང་བའམ། མཐའ་བསྟན་པར་མི་ནུས་ན། ཉན་ཐོས་དང་། རང་སངས་རྒྱས་དག་གིས་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་འདི་དག་ཉིད་ལ་རབ་ཏུ་དོན་དུ་གཉེར་བ་དང་། འདུན་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12959#UT22084-029-001-12959