Degé Kangyur volume 31, F.180.b

རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །​བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །​ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །​བདག་གི་ཤ་ཡང་གཏོང་ཞིང་ཞུམ་པའི་སེམས་མེད་ན། །​དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །​བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །​བླུན་པོ་རྣམས་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །​སེར་སྣ་ཅན་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར། །​ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །​དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །​གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷག་པར་གཏོང་། །​གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །​བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །​བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །​སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །​བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །​དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ། །​སྦྱིན་པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །​དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །​དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་གཏོང་བ་སྟེ། །​ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །​སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །​ཡོངས་སུ་བརྟག་པར་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །​འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །​བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །​བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །​དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །​སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོས་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །​ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །​རིན་ཆེན་བཻ་དཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །​དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །​རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12945#UT22084-029-001-12945