Degé Kangyur volume 31, F.87.b

ལགས་སོ། །​བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་ནས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཚུལ་གྱིས་ཚར་གཅད་པ་མེད་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །​དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་རམ། བྱམས་པའམ། སྙིང་རྗེའམ། དགའ་བའམ། བཏང་སྙོམས་སམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་རམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་གང་ལ་ཡང་། བདག་ཉིད་ཀྱང་མངོན་པར་ཞེན་པར་མི་བྱེད་ལ། གཞན་ཡང་མངོན་པར་ཞེན་པར་མི་བྱེད་དོ། །​དེ་མངོན་པར་ཞེན་པ་མེད་པས་གང་ལ་ཡང་ཆགས་པ་མེད་དོ། །​འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་མ་གཏོགས་པར་སྦྱིན་པའི་འབྲས་བུ་ལ་ཡང་ཆགས་པ་མེད་ཅིང་། སྦྱིན་པའི་འབྲས་བུ་ཡང་ཉམས་སུ་མྱོང་བར་མི་འགྱུར་རོ། །​ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་དག་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱི་བར་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་གང་ལ་ཡང་མི་གནས་སོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ཆོས་ཐམས་ཅད་ལ་ཡང་སྤྱོད་ལ། ཆོས་གང་ལ་ཡང་མི་གནས་ཤིང་། ཆགས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པའི་ཕྱིར་རོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མཚན་དང་། དཔེ་བྱད་བཟང་པོ་དང་། ཡི་གེ་མངོན་པར་བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12759#UT22084-029-001-12759