Degé Kangyur volume 31, F.73.a

ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །​རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །​རབ་འབྱོར་དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །​དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །​མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །​སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །​རབ་འབྱོར་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །​ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །​སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །​དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12730#UT22084-029-001-12730