Degé Kangyur volume 30, F.276.a

འབྱོར་དཔེར་ན། མི་ཕ་མ་ཤི་ན་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་རོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་ཐམས་ཅད་མི་དམིགས་པ་ན་བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་རོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདུད་སྡིག་ཅན་གཅིག་པུ་ཞིག་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་ལགས་སམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པ་གང་ལགས་པའི་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱང་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་ཞིང་། རང་རང་གི་སྟན་ལ་དགའ་བར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མི་བྲལ་བར་གྱུར་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཅན་གང་དག་གནས་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་ཏེ། རང་རང་གི་སྟན་ལ་མི་དགའ་བར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བཟུང་ནས་གཙེ་བའི་གླགས་མི་རྙེད་དོ། །​རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །​དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12529#UT22084-029-001-12529