Degé Kangyur volume 30, F.191.a

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་གྱི་ནང་ན་གནས་ཤིང་ཐབས་ལ་མཁས་པས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་སྟོན་ཏེ། སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་ཞིང་། ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པ་ནས། མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་སྦྱིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ་གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །​དེ་བཞིན་དུ་སྦྱར་ཏེ། གཞན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །​རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་གྱི་ནང་ན་གནས་ཤིང་། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་སྦྱིན་པར་བྱེད་དོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་སྦྱིན་པར་བྱེད་ལ། འདོད་པ་དག་ལ་ཡང་ཡོངས་སུ་མི་སྤྱོད་དེ། རྟག་ཏུ་རྒྱུན་མི་ཆད་པར་ཚངས་པར་སྤྱོད་ཅིང་། དེ་སུ་ལ་ཡང་གནོད་པ་གང་གིས་ཕ་རོལ་གྱི་ཡིད་མི་དགའ་བར་འགྱུར་བའི་གནོད་པ་མི་སྐྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་ནས་བསྲུང་བ་དང་ཡོངས་སུ་བསྐྱང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ཕྱི་བཞིན་འབྲང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་ཕྱི་བཞིན་འབྲང་བ་བཞིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12359#UT22084-029-001-12359