སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དོ། །དེ་ལ་སེམས་ཅན་སེར་སྣ་ཅན་གང་ཡིན་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །དབུལ་བ་ནི་སྡུག་བསྔལ་བ་སྟེ། དབུལ་པོས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་ཁྱེད་ཅག་སྦྱིན་པ་བྱིན་ལ་བདག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །དབུལ་བས་ཟིལ་གྱིས་ནོན་ཅིང་། ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་པོ་དག་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ལ་ནི་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་འཆལ་པས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་འཆལ་པའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེའི་ཕྱིར་ཁྱེད་ཅག་ངན་སོང་གསུམ་པོ་དག་ཏུ་ལྟུང་ན། བདག་ཀྱང་འབྱིན་པར་མི་ནུས་ན། གཞན་དག་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཅག་གིས་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མ་དབྱེ་ཤིག །ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་གང་དག་ཕན་ཚུན་འཁྲུག་ཅིང་། གནོད་སེམས་སུ་བྱེད་པ་དེ་དག་ལ་ནི་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཁྱེད་ཅག་གཅིག་ལ་གཅིག་འཁྲུགས་པར་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་ནི་དགེ་བའི་ཆོས་འགའ་ཡང་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་ཁྱེད་ཅག་ཕན་ཚུན་འཁྲུག་ཅིང་གནོད་སེམས་སུ་བྱེད་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བའི་གནས་ཡིན་གྱིས། དེ་བས་ན་ཁྱེད་ཅག་གིས་ཁྲོ་བ་དང་། འཁྲུག་པའི་སེམས་དང་གནོད་སེམས་འགའ་ཡང་བསྐྱེད་པར་མི་བྱ་ན། མི་དགེ་བའི་སེམས་གཞན་དག་གི་གོ་སྐབས་དབྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཆོས་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་བརྩོན་འགྲུས་ལ་སྦྱོར་བར་བྱེད་དོ། །སེམས་རྣམ་པར་གཡེངས་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་དོ། །ཤེས་རབ་འཆལ་པ་གང་ཡིན་པ་དེ་དག་ནི་ཤེས་རབ་ལ་སྦྱོར་བར་བྱེད་དོ།