Degé Kangyur volume 2, F.306.a

དེ་དག་བཟང་ངམ་ངན་པའང་རུང་། །​ཐོབ་པ་བདག་ལ་འགེད་པར་བྱེད། །​བདག་གི་ཚིག་གིས་གནས་པས་ན། །​དེ་དག་བདག་ལ་བརྙས་མི་བྱེད། །​མི་ཞིག་སྣུམ་ཁུར་ཞིག་ཁྱེར་ནས། །​ཚོང་འདུས་ནང་ནས་འགྲོ་བ་ལས། །​བདག་གིས་དེ་ལས་མཐུས་ཕྲོགས་ཏེ། །​ཁྱེར་ནས་དེ་ནས་སོང་བ་དང་། །​དེ་ནས་བདག་གིས་བརྒྱུགས་པ་དང་། །​ཕྱི་བཞིན་དུ་ནི་སྙེགས་མ་བྱུང་། །​སྨྱགས་བཅད་བྲོས་པར་གྱུར་པ་ན། །​དེ་དག་གིས་ནི་གཟུང་མ་ནུས། །​འབབ་ཆུའི་ཕ་རོལ་རྒལ་ནས་ནི། །​བདག་ནི་ཕྱོགས་གཅིག་འདུག་ནས་སུ། །​འགའ་ཞིག་འོང་བར་འགྱུར་སྙམ་ནས། །​མཐའ་དག་ཏུ་ནི་ལྟ་བར་བྱེད། །​སྣུམ་ལ་གཡོས་ལེགས་བྱས་ཟིན་པའི། །​སྣུམ་ཁུར་བདག་གིས་ཟོས་ན་ནི། །​དེས་ན་བདག་ནི་ལྟོ་འགྲངས་པས། །​ཉིན་ཞག་གཅིག་ནི་ཐུབ་འགྱུར་སྙམ། །​དེ་ནས་སྐལ་ལྡན་རང་སངས་རྒྱས། །​ཡང་སྲིད་སྐྱེ་བ་ཟད་གྱུར་པ། །​རྫུ་འཕྲུལ་ཆེ་གཟི་མི་བཟད་པ། །​དྲང་སྲོང་འཇིགས་པ་ཞིག་འོངས་སོ། །​བདག་གི་སེམས་ལ་བསམས་པ་ནི། །​སྡུག་བསྔལ་བཀྲེན་པར་གྱུར་པ་ནི། །​སྔོན་ཆད་བསོད་ནམས་མ་བྱས་པས། །​དེས་བདག་འདི་ལྟར་བཀྲེན་པར་གྱུར། །​མ་ལ་བདག་གིས་དགེ་སྦྱོང་འདི། །​སྣུམ་ཁུར་གཙང་མ་འདི་སྦྱིན་ཏེ། །​བདག་ནི་ལྟོགས་པར་ཤི་བླ་ཡི། །​འདི་ལྟ་བཀྲེན་པ་མི་རུང་ངོ་། །​དེ་ལ་བདག་སེམས་དད་བྱས་ནས། །​ཡིད་མགུ་བ་དང་རངས་པ་ཡིས། །​དགེ་སློང་དམ་པ་མཆོད་འོས་པའི། །​ཡོན་གནས་དེ་ལ་སྣུམ་ཁུར་ཕུལ། །​སྐལ་ལྡན་གྱིས་ནི་དེ་བླངས་ནས། །​བདག་ཉིད་ལ་ནི་སྙིང་བརྩེའི་ཕྱིར། །​དེ་ཉིད་དུ་ནི་ལོངས་སྤྱད་ནས། །​དེ་ནས་མཁའ་ལ་འཕགས་པར་གྱུར། །​དེ་ནས་སྨོན་ལམ་བཏབ་པ་ནི། །​བདག་ནི་བཀྲེན་པར་མི་འགྱུར་ཞིང་། །​ཁ་དོག་བཟང་པོ་རྣམས་དང་ནི། །​རིགས་བཙུན་པ་ཡང་དོན་དུ་གཉེར། །​གནས་བརྟན་འདི་ལྟ་བུ་དག་དང་། །​བདག་ནི་ལྷན་ཅིག་འགྲོགས་པར་ཤོག །​ཁྱོད་ཉིད་ཀྱིས་ནི་གང་རྟོགས་པ། །​དེ་འདྲའི་ཆོས་ཀྱང་ཤེས་པར་ཤོག །​དགེ་བའི་ལས་དེ་བྱས་པས་ན། །​བདེ་བ་མང་པོ་ཉམས་སུ་མྱོང་། །​བསོད་ནམས་བྱས་པས་མཛེས་པ་ཡི། །​ལྷ་དང་མི་ནི་རྣམས་སུ་གྱུར། །​ལྷ་དང་མི་ཡི་རྒྱལ་སྲིད་ཀྱང་། །​བདག་གིས་མང་པོ་ཉམས་སུ་མྱོང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8507#UT22084-001-006-8507