Degé Kangyur volume 2, F.289.b

བདེ་བ་མང་པོ་ཉམས་སུ་མྱོང་། །​མྱ་ངན་འདས་པ་བསིལ་གྱུར་པའི། །​དགྲ་བཅོམ་པ་ཡང་བདག་གིས་ཐོབ། །​གལ་ཏེ་རྫོགས་སངས་ཤེས་གྱུར་ལ། །​མཆོད་རྟེན་དེ་ལ་བདག་གིས་སུ། །​བཀུར་སྟི་བྱས་པར་གྱུར་ན་ནི། །​ལེགས་པ་མང་བྱེད་འགྱུར་བ་ཞིག །​དེ་ལྟས་རྫོགས་པའི་སངས་རྒྱས་ཀྱི། །​ཡོན་ཏན་མང་པོ་ཤེས་པ་ཡིས། །​མཆོད་རྟེན་བཀུར་སྟི་བྱོས་ཤིག་དང་། །​འབྲས་བུ་ཆེན་པོ་དག་ཏུ་འགྱུར། །​ཐམས་ཅད་གཟིགས་པས་མང་ཐོས་དང་། །​སྣ་ཚོགས་གཏམ་དང་དགེ་བ་ཡི། །​སྤོབས་ལྡན་ཚིགས་བཅད་བྱེད་པ་ནི། །​རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །​དེ་ལྟར་གནས་བརྟན་ངག་དབང་ནི། །​དགེ་སློང་དགེ་འདུན་མདུན་འདུག་ནས། །​མ་དྲོས་པ་ཡི་མཚོ་ཆེན་དུ། །​རང་གི་ལས་ནི་ལུང་བསྟན་ཏོ། །​ངག་དབང་གི་ལེའུ་སྟེ་བདུན་པའོ།​། །​།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་ཚེ་དང་ལྡན་པ་ངག་དབང་གིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །​དེ་ནས་ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་གྱིས་སྨྲས་པ། བདག་ནི་ཚོང་དཔོན་བུར་གྱུར་ནས། །​ཕ་ཡི་ཁྱིམ་ན་དབང་བྱེད་ཚེ། །​བདག་གིས་ཕ་ནི་ཡིད་བསྲུངས་ཤིང་། །​མ་ལ་ལོག་པ་མི་མཐུན་བྱས། །​ཕ་དང་སྲིང་མོ་སྤུན་དང་ནི། །​བྲན་དང་ལས་བྱེད་རྣམས་ལ་ཡང་། །​ཟས་དང་སྐོམ་གྱིས་ཚིམ་བྱས་ཀྱང་། །​མ་ལ་སྤྱོ་བ་བྱས་ནས་སུ། །​བདག་ནི་སེར་སྣས་ཟིལ་ནོན་པས། །​མ་ལ་ཟས་ནི་མ་བྱིན་པར། །​ཁྲོས་པས་ཚིག་ཏུ་སྨྲས་པ་ནི། །​ཟས་སུ་རྡོ་བ་ཟོ་ཤིག་བྱས། །​ལས་ཀྱི་རྣམ་པར་སྨིན་པ་དེས། །​རབ་ཏུ་ཚ་དང་ཐིག་ནག་གི། །​དམྱལ་བར་ལན་མང་ལྷུང་ནས་ནི། །​སྡུག་བསྔལ་མི་ཉུང་ཐོབ་པར་གྱུར། །​དམྱལ་བ་དེ་ནས་ཤི་འཕོས་ནས། །​མི་ཡི་སྲིད་པ་ཐོབ་པ་ན། །​ལས་ཀྱི་རྣམ་པར་སྨིན་པ་དེས། །​བདག་ནི་རྡོ་བ་ཟ་བར་གྱུར། །​སྐྱེ་བ་དེ་དང་དེ་དག་ཏུ། །​བདག་གིས་རྡོ་བ་མང་ཟོས་ཤིང་། །​དེ་བཞིན་བཀྲེས་སྐོམ་སྡུག་བསྔལ་གྱིས། །​བདག་ནི་འཆི་བའི་དུས་བྱས་སོ། །​བདག་གི་སྐྱེ་བ་ཐ་མ་ནི། །​མི་སྲིད་ཐོབ་པ་འདི་ཡིན་ཏེ། །​རྫོགས་སངས་བླ་ན་མེད་པ་ཡི། །​དེད་དཔོན་འདི་ནི་མཉེས་པར་བྱས། །​ཤཱཀྱ་སེང་གེའི་བསྟན་པ་ལ། །​བདག་གིས་རབ་བྱུང་ཐོབ་ནས་ནི། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8474#UT22084-001-006-8474