Degé Kangyur volume 1, F.304.b

བུའོ། །​དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། དེད་དཔོན་གང་པོ་དང་ལྷན་ཅིག་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་དེད་དཔོན་གང་པོ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན། དེ་བཅོམ་ལྡན་འདས་ཀྱིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེད་དཔོན་གང་པོ་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མོད་ཁོ་ནར་དེ་སྐྲ་བྱི་བ་དང་། སྣམ་སྦྱར་གོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །​དེ་བཞིན་གཤེགས་པས་ཚུར་ཤོག་གསུངས་པས་དེ། །​སྐྲ་བྱི་སྣམ་སྦྱར་གོན་པའི་ལུས་ལྡན་ཞིང་། མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །​སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །​དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་གང་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལས་བདག་གིས་མདོར་བསྡུས་པའི་ཆོས་ཐོས་པ་ཇི་ལྟ་བུས་གཅིག་པུས་དབེན་པ་བག་ཡོད་པ་དང་རྟུན་པ་དང་ལྡན་ལ་བདག་ཉིད་ལ་བདག་ཉིད་གཏོད་ཅིང་གནས་པར་འགྱུར་བ་དེ་ལྟ་བུའི་ཆོས་མདོར་བསྡུས་པ་ལེགས་པར་བཤད་དུ་གསོལ། གཅིག་པུ་དབེན་པ་བག་ཡོད་པ་དང་རྟུན་པ་དང་ལྡན་ལ་བདག་ཉིད་གཏོད་ཅིང་གནས་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-7883#UT22084-001-006-7883