Degé Kangyur volume 2, F.156.a
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀྲུང་ཀྲུང་སྒྲ་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་གླང་པོ་ཆེ་དམ་པས་ཀྲུང་ཀྲུང་ཞེས་བྱ་བའི་སྐད་ཕྱུང་བས། ཀྲུང་ཀྲུང་ཅན་ཀྲུང་ཀྲུང་ཅན་ཞེས་བྱ་བར་གྲགས་སོ། །དཔུང་རྒྱན་ལྡན་དུ་གཤེགས་ནས་དཔུང་རྒྱན་ལྡན་གྱི་ཕྱོགས་ཞིག་ཏུ་འཛུམ་པ་མཛད་དོ། །ཞེས་བྱ་བ་ནས་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །ནོར་བུ་ཅན་དུ་གཤེགས་ནས་ནོར་བུ་ཅན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ནོར་བུ་ཅན་འདིར་བྱང་ཆུབ་སེམས་དཔས་ནོར་བུ་མང་པོའི་མཆོད་སྦྱིན་བྱས་པས་ནོར་བུ་ཅན་ཞེས་བྱ་བར་གྲགས་སོ། །ས་ལའི་སྟོབས་སུ་གཤེགས་ནས། ས་ལའི་སྟོབས་ཀྱི་ཕྱོགས་ཞིག་ཏུ་འཛུམ་པ་མཛད་ནས་ཞེས་བྱ་བ་ནས་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །གསེར་གྱི་བྲེར་གཤེགས་ནས་ཀུན་དགའ་བོ་གསེར་གྱི་བྲེ་འདིར་བྱང་ཆུབ་སེམས་དཔས་གསེར་མང་པོ་མཆོད་སྦྱིན་བྱས་པས་ད་དུང་ཡང་བྲམ་ཟེ་རྣམས་གསེར་བྲེས་འཇལ་ཞིང་འགེད་པས་གསེར་གྱི་བྲེ་གསེར་གྱི་བྲེ་ཞེས་བྱ་བར་གྲགས་སོ། །གནས་བཅས་སུ་གཤེགས་ནས་གནས་བཅས་སུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གནས་བཅས་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་དུས་གཞན་ཞིག་ན་སྤྱི་བོར་ཤ་རྨེན་འཇམ་ཞིང་ཤིན་ཏུ་འཇམ་པ་ཞིག་སྐྱེས་ཏེ། དཔེར་ན་ཤིང་བལ་གྱི་འདའ་བའམ་རས་བལ་གྱི་འདའ་བ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་སྐྱེད་པར་མི་བྱེད་དོ། །དེ་ཡོངས་སུ་སྨིན་ནས་བརྟོལ་བ་ལས་གཞོན་ནུ་ཞིག་བྱུང་ན། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ། པགས་པའི་མདོག་གསེར་འདྲ་བ་ཞེས་བྱ་བ་ནས་ཡན་ལག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། །སྤྱི་བོ་སྐྱེས་སྤྱི་བོ་སྐྱེས་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱིས་གཞོན་ནུ་བྱུང་མ་ཐག་ཏུ་བཙུན་མོའི་འཁོར་དྲུག་ཁྲིའི་ནང་དུ་བཀྲི་བ་དང་། མཐོང་མ་ཐག་ཏུ་བཙུན་མོ་དེ་ཐམས་ཅད་ཀྱི་ནུ་མ་ལས་འོ་མ་ཟགས་ནས་སོ་སོ་ནས་སྨྲས་པ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8206#UT22084-001-006-8206