།བཅོམ་ལྡན་སྲིད་ལས་རབ་ཏུ་གྲོལ། །སྲིད་པའི་དགའ་བ་ལས་འཕགས་པ། །སྲིད་པའི་འདོད་ཆགས་ཀུན་ནས་བཅད། །སྲིད་པའི་སྲེད་པ་རབ་ཏུ་བཅོམ། །ཆོས་ཆེན་པོ་ནི་བསྒོམས་པས་ན། །འཇིགས་དང་འཇིགས་སུ་རུང་བ་སྤངས། །ཀླུ་ཡི་རྒྱལ་པོ་རྣམས་ཀྱི་གནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །ཐམས་ཅད་བྱ་བ་བྱས་པ་ཡི། །ཉན་ཐོས་རྣམས་ཀྱི་མདུན་བྱས་ཏེ། །ལྔ་བརྒྱ་རྣམས་དང་ཐབས་ཅིག་ཏུ། །རྫུ་འཕྲུལ་གྱིས་ནི་མཁའ་ལས་གཤེགས། །ཆུ་བོ་དེ་ཡི་འགྲམ་དག་ཏུ། །སྨྲ་བའི་མཆོག་ནི་བཞུགས་ནས་ནི། །རྗེས་སུ་བརྩེ་བ་ཐུགས་རྗེ་ཅན། །ལུས་ཅན་ཀུན་ལ་ཕན་མཛད་པས། །མཚོ་ལ་གཟིགས་ནས་དགེ་སློང་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ངས་ནི་སྡིག་པ་གང་བྱས་དང་། །ང་ཡི་ཚིག་འདི་མཉན་པར་གྱིས། །ངས་ནི་སྔོན་གྱི་ཚེ་རབས་སུ། །གཡོན་ཅན་པད་མའི་རྩ་ལག་གྱུར། །རང་སངས་རྒྱས་ནི་ལེགས་སྨོན་ཏེ། །སྐྱོན་མེད་ལ་ནི་སྐུར་བཏབ་ནས། །སྐྱེ་བོའི་ཚོགས་ཆེན་ལྷགས་ནས་སུ། །ཐུབ་པ་ཆོས་ཀྱི་ཡོན་ཏན་དགའ། །བཅིང་བ་དམ་པོས་དེ་བཅིངས་ནས། །གྲོང་ཁྱེར་ནས་ནི་ཕྱུང་བ་དང་། །དགེ་སྦྱོང་བཅིང་བས་དམ་བཅིངས་པས། །སྡུག་བསྔལ་གྱུར་དེ་ང་ཡིས་མཐོང་། །དེ་ལ་སྙིང་རྗེ་བསྐྱེད་ནས་ཀྱང་། །ང་ཉིད་ཀྱིས་ནི་ཐར་བར་བྱས། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་རྣམས་སུ་ཡུན་རིངས་འཕངས། །སླར་ཡང་མིར་ནི་འོངས་པ་ན། །ངས་ནི་སྐུར་པ་ཐོབ་པར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ཀྱང་། །ང་ཡི་ཡང་སྲིད་ཐ་མ་ལ། །མུ་སྟེགས་རྣམས་ཀྱིས་མཛེས་མའི་ཕྱིར། །ཡང་དག་མ་ཡིན་སྐུར་པ་བཏབ། །ང་སྔོན་བྲམ་ཟེར་གྱུར་པ་ན། །གསང་ཚིག་འཛིན་ཅིང་མང་ཐོས་པ། །བྲམ་ཟེ་ལྔ་བརྒྱ་རྣམས་ལ་ནི། །ཚལ་ན་གསང་ཚིག་བརྗོད་པའི་ཚེ། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་ཆེ། །བྱིན་ཅན་དྲང་སྲོང་དེར་འོངས་པ། །བཀུར་སྟི་བྱེད་པ་ངས་མཐོང་ནས། །སྐྱོན་མེད་ལ་ནི་སྐུར་པ་བཏབ། །དྲང་སྲོང་འདི་ནི་འདོད་སྤྱོད་ཅེས། །ངས་ནི་བྲམ་ཟེའི་ཁྱེའུ་ལ་སྨྲས།