Degé Kangyur volume 1, F.45.b

།བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་དེ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །​སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་དྲང་སྲོང་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །​དེས་བསམས་པ། འཕགས་པ་འདིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་པ་གང་ཡིན་པ་དེ་ཐམས་ཅད་བདག་ལ་བརྟེན་ནས་ཐོབ་པ་ཡིན་ནོ་སྙམ་ནས། དེས་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། འདི་ལྟར་འཕགས་པ་འདི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་དེ་བཞིན་དུ། བདག་ཀྱང་དགེ་བའི་རྩ་བ་འདིས་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བར་གྱུར་ཅིག་ཅེས་བཏབ་བོ། །​དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་དྲང་སྲོང་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ད་ལྟར་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བར་གྱུར་ཏོ། །​དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །​དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།​། །​།འདུལ་བ་གཞི། བམ་པོ་ལྔ་པ། དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དང་། མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29129#UT22084-001-001-29129