Degé Kangyur volume 44, F.114.b

།ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །​ས་བཅུ་དག་ལ་གནས་པ་ཡི། །​བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །​འཚང་རྒྱ་བགྱིད་པར་སྐུལ་མ་འདེབས། །​བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །​སྡེ་དང་བཅས་པའི་བདུད་བཏུལ་ནས། །​སྲོག་ཆགས་ཀུན་ལ་སྨན་སླད་དུ། །​ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག །​ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །​བསྐལ་པ་བྱེ་བ་བསམ་ཡས་སུ། །​ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །​འདོད་པའི་འདམ་དུ་བྱིང་གྱུར་ཅིང་། །​སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །​རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །​སེམས་ཀྱི་དྲི་མར་བགྱིས་པ་ལ། །​སངས་རྒྱས་རྣམས་ནི་སྨོད་མི་མཛད། །​སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །​སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །​རྫོགས་པའི་སངས་རྒྱས་གང་བཞུགས་དང་། །​གང་དག་འདས་དང་མ་བྱོན་པ། །​དེ་དག་རྗེས་སུ་བདག་སློབ་ཅིང་། །​བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །​ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །​འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །​མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །​མ་སྐྱེས་པ་དང་མི་འབྱུང་དང་། །​རང་བཞིན་མ་མཆིས་གནས་མ་མཆིས། །​རྣམ་རིག་མ་མཆིས་དངོས་མ་མཆིས། །​སྟོང་པའི་ཆོས་ནི་རྟོགས་པར་ཤོག །​སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །​སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །​བདག་མ་མཆིས་པའི་ཆོས་རྟོགས་ཤོག །​བདག་འཛིན་བདག་གིར་འཛིན་པར་ནི། །​དངོས་པོ་ཀུན་ལ་མི་གནས་པར། །​སེམས་ཅན་ཀུན་ལ་བདེ་སླད་དུ། །​སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །​དངོས་པོ་དངོས་པོ་མ་མཆིས་པས། །​བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །​དངོས་པོ་ཐམས་ཅད་རྣམ་འཇིག་པས། །​སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །​ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །​ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །​རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh85.html?part=UT22084-044-005-245#UT22084-044-005-245