Degé Kangyur volume 44, F.101.b

།ཕུང་པོ་ཁམས་ལ་བདག་མེད་སྒྱུ་མ་འདྲ། །​ཆོས་ལ་ངོ་བོ་ཉིད་མེད་རབ་ཏུ་རྟོགས། །​དེ་བཞིན་ཉིད་ནི་མི་འཇིག་ཐབས་མཁས་པས། །​ཆོས་རྣམས་བདུད་ཀྱི་ལས་ཞེས་གང་འབྱེད་པ། །​རྣམ་རྟོག་སྤངས་ནས་བདུད་ནི་ཕམ་པར་བྱེད། །​ཐབས་དང་ཤེས་རབ་གཉིས་ཀ་རབ་སྤྱོད་ཅིང་། །​ཡོད་དང་སྟོང་ལ་གནས་པ་མེད་པར་ནི། །​དེ་ལྟར་ཆོས་མཆོག་གང་ཞིག་སྒོམ་བྱེད་པ། །​ཐབས་མཁས་གཟུགས་ལུས་མཛེས་པ་འཐོབ་པར་འགྱུར། །​གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ནི། ཆོས་རྣམ་པ་བརྒྱད་དང་ལྡན་པའི་ཕྱིར་བྱང་ཆུབ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །​བརྒྱད་གང་ཞེ་ན། ཡང་དག་པའི་ལྟ་བས་ལོག་པར་ལྟ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ཡང་དག་པའི་དྲན་པས་ལོག་པར་སེམས་པའི་སེམས་ཅན་ལ་སྙིང་བརྩེ་བར་བྱེད་པ་དང་། ཡང་དག་པའི་ངག་གིས་ལོག་པར་སྨྲ་བ་རྣམས་ལ་སྙིང་བརྩེ་བར་བྱེད་པ་དང་། ཡང་དག་པའི་ལས་ཀྱི་མཐས་ལོག་པའི་ལས་ཅན་རྣམས་ཡོངས་སུ་སྡུད་པ་དང་། ཡང་དག་པའི་རྩོལ་བས་ལོག་པར་རྩོལ་བ་རྣམས་ཡོངས་སུ་ཟློག་པ་དང་ཡང་དག་པའི་འཚོ་བས་ལོག་པར་འཚོ་བའི་སེམས་ཅན་རྣམས་སྤོང་བར་མི་བྱེད་པ་དང་། ཡང་དག་པའི་རྟོག་པས་ལོག་པར་ཡིད་ལ་བྱེད་པ་སྤོང་བར་བྱེད་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གྱིས་ལོག་པའི་ཏིང་ངེ་འཛིན་ལ་གནས་པ་དག་བསླང་ནས་གོང་དུ་རྩོལ་དུ་གཞུག་པ་གང་ཡིན་པའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཡང་དག་ལྟ་དང་གང་ལྡན་པ། །​ལོག་ལྟ་དེ་དག་སྨིན་པར་བྱེད། །​རྟག་པར་ཡང་དག་དྲན་སྒོམ་པ། །​ལོག་སེམས་དག་ལ་བརྩེ་བར་བྱེད། །​རྣམ་དག་ཡང་དག་དག་གིས་ནི། །​ལོག་སྨྲ་རྣམས་ལ་བརྩེ་བར་བྱེད། །​ཡང་དག་ལས་མཐའ་གནས་པ་ཡིས། །​ལོག་པའི་ལས་ཅན་སྡུད་པར་བྱེད། །​རྟག་པར་ཡང་དག་རྩོལ་བསྒོམས་ནས། །​ལོག་བརྩོན་དག་ནི་སྤོང་བར་བྱེད། །​ཡང་དག་འཚོ་བས་རྗེས་འཐུན་པས། །​ལོག་འཚོ་གང་ཡིན་སྡུད་པར་བྱེད། །​བློ་ལྡན་ཡང་དག་རྟོག་པ་ཡིས། །​ལོག་པར་ཡིད་བྱེད་བརྩེ་བར་སེམས།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh84.html?part=UT22084-044-004-353#UT22084-044-004-353