Degé Kangyur volume 43, F.174.a

འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་ངོ་སྙམ་པ་དང་། དེ་བཞིན་སོང་བ་ཤི་ནས་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་སྙམ་པ་དང་། སྲོག་དེ་ལུས་དེ་ཡིན་སྙམ་པ་དང་། སྲོག་ཀྱང་གཞན་ལུས་ཀྱང་གཞན་ནོ་སྙམ་པ་དང་། སེམས་ཅན་འདི་གང་ནས་འོངས། དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་པ་དང་། སེམས་ཅན་ཡོད་པ་ལས་ཆད་དེ་འཇིག་ཅིང་མེད་པར་འགྱུར་རོ་སྙམ་པ་དང་། བྱེད་པ་དེ་མྱོང་བ་དེ་ཡིན་ནོ་སྙམ་པ་དང་། བྱེད་པ་ཡང་གཞན། མྱོང་བ་ཡང་གཞན་ནོ་སྙམ་པ་དང་། བདག་ཡོད་པས་བདག་གི་ཡོད་པར་འགྱུར་རོ་སྙམ་པ་དང་། བདག་གི་ཡོད་པས་བདག་ཡོད་པར་འགྱུར་རོ་སྙམ་པ་དང་། འདི་ན་བདག་དེ་ལྟ་བུའམ། བདག་གཞན་དུ་འགྱུར་བ་ཞིག་གམ། དེ་བཞིན་དུ་འགྱུར་བ་ཞིག་གམ། གཞན་དུ་འགྱུར་བ་ཞིག་གམ། འདིར་འབྱུང་བར་འགྱུར་རམ། དེ་ལྟར་འབྱུང་བར་འགྱུར་རམ། གཞན་དུ་འབྱུང་བར་འགྱུར་རམ། འདིར་བདག་སྔོན་བྱུང་ངམ། བདག་ད་ལྟར་བྱུང་ངམ། བདག་གཞན་དུ་བྱུང་ངམ། སྙམ་དུ་དེ་དག་ལ་བདག་ཏུ་མངོན་པར་ཞེན་ཏེ། འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། སེམས་ཀྱི་གནས་དང་། མངོན་པར་ཞེན་པ་དང་། ང་རྒྱལ་གྱི་བག་ལ་ཉལ་བ་དང་། སྙེམས་པ་དང་། ང་རྒྱལ་བྱེད་པ་དང་། བདག་ཏུ་སྨྲ་བའི་ལེན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་གང་ཡིན་པ་ཐམས་ཅད་དང་། ལུས་སམ། ངག་གམ། སེམས་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའམ། མི་གཡོ་བར་ཉེ་བར་འགྲོ་བའམ། འདོད་པར་གཏོགས་པའམ། གཟུགས་སུ་གཏོགས་པའམ། གཟུགས་མེད་པར་གཏོགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །​གང་འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པ་དང་། ང་རྒྱལ་ཟད་པ་དང་། བདག་ཏུ་མངོན་པར་ཞེན་པ་སྤངས་པ་དང་། བདག་ཏུ་སྨྲ་བའི་ལེན་པ་སྤངས་པ་དེ་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །​གང་སྡུག་བསྔལ་ལ་ཡང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་ལ་ཡང་ཀུན་འབྱུང་བ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh70.html?part=UT22084-043-007-467#UT22084-043-007-467