Degé Kangyur volume 43, F.170.a

སངས་རྒྱས་ཀྱི་སྐུ་དང་རྒྱན་ལ་དམིགས་པ་དང་། སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལ་དམིགས་པ་དང་། སྔོན་གྱི་སྨོན་ལམ་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དམིགས་པ་དང་། འཇིག་རྟེན་རྣམ་པར་སྦྱང་བ་ལ་དམིགས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་བཀོད་པ་ལ་དམིགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཞོམ་པ་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་སོ། །​དེ་བསམ་གཏན་བྱེད་པ་ན་རྣམ་པར་ཤེས་པའི་གནས་བཞི་དང་བྲལ་བར་བསམ་གཏན་བྱེད་དོ། །སའི་ཁམས་ལ་མི་གནས། ཆུའི་ཁམས་ལ་མི་གནས། མེའི་ཁམས་ལ་མི་གནས། རླུང་གི་ཁམས་ལ་མི་གནས། ནམ་མཁའི་ཁམས་ལ་མི་གནས། རྣམ་པར་ཤེས་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས་པར་བསམ་གཏན་བྱེད་དོ། །​དེ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བླ་ན་མེད་པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་ལ་གནས་ཤིང་བསམ་གཏན་ལ་དགའོ། །​དེ་བསམ་གཏན་དེ་དང་། ཏིང་ངེ་འཛིན་དེ་ལ་བསམ་གཏན་བྱེད་པར་འདོད་པ་དང་། སྙོམས་པར་འཇུག་པར་འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ། །བསམ་གཏན་བྱེད་པ་དང་། བསམ་གཏན་བྱས་པ་དང་། ལངས་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ། །​གལ་ཏེ་བསམ་གཏན་དེ་དང་། ཏིང་ངེ་འཛིན་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སེམས་རྣམ་པར་གཡེང་བ་དང་། ཏིང་ངེ་འཛིན་མ་ཡིན་པ་སྤང་བ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh70.html?part=UT22084-043-007-459#UT22084-043-007-459