Degé Kangyur volume 43, F.151.b

དེ་དག་ཡོངས་སུ་སྤང་བར་བྱའོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​དེ་ནི་ཚེ་འདིར་བདེ་བར་མི་འགྱུར་ཏེ། །​བཟོད་དང་རིང་ཞིང་ཁྲོ་བའི་ཕྱོགས་ལ་གནས། །​དེ་ཡི་དགྲ་རྣམས་དགའ་བར་འགྱུར་བ་སྟེ། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​བདུད་ཀྱང་དེ་ལ་དགའ་ཞིང་མགུ་བར་འགྱུར། །​བདུད་ཀྱི་ཕྱོགས་ཀྱང་དེ་ལ་དགའ་བར་འགྱུར། །​དེ་ཡི་དགེ་བའི་ཆོས་སྐྱེས་ཆུད་ཟར་འགྱུར། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​དེ་ནི་ནམས་ཀྱང་དགེ་བ་མི་སྐྱེད་དེ། །​འཆི་ཀར་ཐ་དད་རྒྱུ་ལ་གནས་པ་དང་། །​ངན་སོང་འགྲོ་བའི་ལས་ནི་བྱེད་པར་འགྱུར། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​མི་མཛེས་པ་དང་བལྟ་ན་མི་སྡུག་དང་། །​དེ་ནི་རྟག་ཏུ་རུས་རིགས་དམའ་བར་འགྱུར། །​དེ་ཡི་ལྕེ་ཡི་དབང་པོ་རྩུབ་འགྱུར་ཏེ། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​ལུང་མནོས་ཆོས་རྣམས་ལེགས་པར་མི་གནས་ཤིང་། །​ལུང་མནོས་མ་བྱས་མདོ་སྡེ་ཐོས་མི་འགྱུར། །​དགེ་བའི་བཤེས་གཉེན་རྣམས་ཀྱང་རྣམ་པར་སྤོང་། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​སྡིག་པའི་གྲོགས་པོ་དག་དང་ཕྲད་པར་འགྱུར། །​དཀའ་བའི་ཐེག་པས་རྣམ་པར་དག་འགྱུར་ཞིང་། །​མི་འདོད་པ་ཡི་ཚིག་རྣམས་རྒྱུན་དུ་ཐོས། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​བྱིས་པའི་བློ་ཅན་དེ་ནི་གར་སྐྱེས་དེར། །​ཡིན་ནམ་མ་ཡིན་སྙམ་དུ་དེ་རྟོག་ཅིང་། །​རྟག་ཏུ་དེས་ནི་ཐེ་ཚོམ་རྙེད་པར་འགྱུར། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​དེ་ནི་མི་ཁོམ་བརྒྱད་དང་རིང་མི་འགྱུར། །​དེ་ནི་དལ་བ་ལྡན་པའི་མཆོག་མི་འགྱུར། །​དེ་ལ་གནོད་པ་འདི་དག་རྟག་འབྱུང་སྟེ། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​དེ་ཡི་དགེ་བ་དག་ལ་བར་ཆད་མང་། །​བགེགས་སུ་འགྱུར་བས་མྱུར་དུ་འཐོབ་མི་འགྱུར། །​བརྩོན་དང་ལྡན་ཡང་དེ་ལ་དགྲ་རྣམས་འབྱུང་། །​སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ །​མཁས་པས་ཉེས་འདི་ཡང་དག་རིག་ནས་ནི། །​སྤྲོས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱ། །​སྤྲོས་སྤྱོད་དག་ནི་གནོད་པ་རྙེད་པར་སླ། །​དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh69.html?part=UT22084-043-006-452#UT22084-043-006-452