Degé Kangyur volume 43, F.148.a

།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་རྨུགས་པ་དང་གཉིད་ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་མི་བགྱིད་ཅིང་སྐྱོ་བར་མི་བགྱིད་པ་དེ་དག་དང་བརྩོན་འགྲུས་རྩོམ་པ་མི་སྐྱེད་པ་དེ་དག་དེ་ཙམ་དུ་རྨོངས་པར་འགྱུར་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སློབ་པར་འཚལ་བ་དང་། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་སུ་ཞིག་ཡང་དག་པའི་གནས་འདི་ལྟ་བུ་འདི་དག་ཐོས་ན་ལེ་ལོ་བགྱིད་ཅིང་དགེ་བའི་ཆོས་རྣམས་སྐྱེད་པར་མི་བགྱིད། བརྩོན་འགྲུས་ཀྱི་ཡོན་ཏན་དང་། ཕན་ཡོན་འདི་ལྟ་བུ་ཐོས་ནས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་སུ་ཞིག་བརྩོན་འགྲུས་རྩོམ་པར་མི་བགྱིད་དེ། །​དེ་བཞིན་གཤེགས་པས་གཉིད་ལ་དགའ་བའི་ནོངས་དམིགས་དང་། བརྩོན་འགྲུས་རྩོམ་པའི་ཕན་ཡོན་འདི་དག་ལེགས་པར་བཀའ་སྩལ་ལགས་སོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ལས་ལ་དགའ་ཞིང་འཇིག་རྟེན་པའི་སྦག་པས་སྦགས་པའི་ནོངས་དམིགས་ཇི་ལྟར་བརྟགས་པར་བགྱི། བྱང་ཆུབ་སེམས་དཔའ་གང་དག་ལ་བརྟགས་ན་འདོད་པ་ཆུང་ཞིང་བགྱི་བ་ཉུང་ལ། དམ་པའི་ཆོས་བཙལ་བའི་སླད་དུ་རྟག་ཏུ་བརྩོན་ཞིང་སྦྱོར་བ་ལ་གནས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་ལ་དགའ་བའི་ཉེས་དམིགས་ཉི་ཤུར་བརྟག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རྟོག་ན་འདོད་པ་ཆུང་ཞིང་བྱ་བ་ཉུང་ལ་དམ་པའི་ཆོས་བཙལ་བའི་ཕྱིར་རྟག་ཏུ་བརྩོན་ཞིང་སྦྱོར་བ་ལ་གནས་པར་འགྱུར་རོ། །​ཉི་ཤུ་གང་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ལས་ལ་དགའ་བ་འཇིག་རྟེན་པའི་ལས་རྣམས་ལ་བརྩོན་པར་འགྱུར་བ་དང་། ལས་ངན་པ་ཐམས་ཅད་ལ་གནས་པར་འགྱུར་བ་དང་། ལུང་ནོད་པ་དང་། ཁ་དོན་ལ་བརྩོན་པ་དག་གིས་བརྙས་པར་འགྱུར་བ་དང་། ནང་དུ་ཡང་དག་འཇོག་ལ་དགའ་བ་རྣམས་ཀྱིས་སྨད་པར་འགྱུར་བ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh69.html?part=UT22084-043-006-445#UT22084-043-006-445