Degé Kangyur volume 43, F.90.a

ལྡན་པ་དང་། འགྱོད་པ་དང་ལྡན་པར་བྱ་སྟེ། ཉིན་གཅིག་ལ་ལན་བརྒྱ་རབ་ཏུ་བྱུང་བ་ཕྱིར་སྤངས་པ་ནི་བླའི། ཚུལ་ཁྲིམས་ཡོངས་སུ་མ་དག་པས་དད་པས་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །​དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དད་པས་སྩལ་བ་ཇི་ལྟར་རྗེས་སུ་གནང་བར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ངས་ནི་རིགས་པ་དང་། གྲོལ་བ་ལ་དད་པས་བྱིན་པ་རྗེས་སུ་གནང་ངོ་། །​དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་དག་ཁྱེད་ཅག་སྦྱོར་ཅིག །​རྩོལ་ཅིག །​འབོད་ཅིག །​སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་བ་ཡིན་གྱིས། ཁྱེད་ཅག་རབ་ཏུ་བྱུང་བ་ལས་ཕྱིར་མ་ལྡོག་ཤིག །​དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་བདག་ཅག་གིས་ཇི་ལྟར་སྦྱར་བར་བགྱི་ལགས། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་སྦྱོར་བ་དང་། འབད་པ་དང་། རྩོལ་བར་བྱེད་པ་ན་ཆོས་འགའ་ཡང་སྦྱོར་བར་མི་བྱེད། ཆོས་འགའ་ཡང་འབྱེད་པར་མི་བྱེད་པ་དང་། ཆོས་འགའ་ཡང་སྐྱེད་པར་མི་བྱེད། ཆོས་འགའ་ཡང་འགོག་པར་མི་བྱེད་པ་དང་། ཆོས་འགའ་ཡང་ཐོབ་པར་མི་བྱེད། ཆོས་འགའ་ཡང་སྤོང་བར་མི་བྱེད་པ་དང་། ཆོས་འགའ་ཡང་འབྲི་བར་མི་བྱེད། ཆོས་འགའ་ཡང་འཕེལ་བར་མི་བྱེད་པ་དེ་ལྟར་སྦྱོར་བར་གྱིས་ཤིག །​དགེ་སློང་གང་དེ་ལྟར་སྦྱོར་བ་དེ་ནི་ཆོས་འགའ་ཡང་རྟོགས་པར་མི་འགྱུར་རོ། །​གང་ཆོས་འགའ་ཡང་རྟོགས་པར་མི་འགྱུར་བ་དེ་ནི་གར་ཡང་མི་འགྲོ །​གང་ནས་ཀྱང་མི་འོང་ངོ་། །​གང་ལ་འགྲོ་བ་མེད་པ་དེ་ལ་ཡང་ནི་འོང་བ་ཡང་འགའ་ཡང་མེད་དོ། །​དེ་ནི་འོང་བ་མེད་པ་དང་། འགྲོ་བ་མེད་པའི་དགེ་སློང་ཞེས་བྱ་སྟེ། གང་དུ་ཡང་རྟེན་པ་ཡང་མ་ཡིན། མི་རྟེན་པ་ཡང་མ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh67.html?part=UT22084-043-004-612#UT22084-043-004-612