།དེ་ཕྱིར་ཤིན་ཏུ་མ་སྐྱེས་ཡང་དག་མིན། །དེ་དག་སྐྱེ་མེད་ཟད་ལ་གནས་པ་མེད། །དེས་ན་བལྟར་མེད་ངོ་བོ་དེ་དག་སྣང་། །རྣམ་པར་བལྟས་ན་གནས་པ་ཡོད་མ་ཡིན། །ཇི་ལྟར་བཟང་པོས་རྒྱལ་བ་མཐོང་བ་དང་། །ཇི་ལྟར་ཕྱོགས་སུ་མངོན་པར་སྤྲུལ་མཐོང་བ། །གང་གཞན་ཕུང་པོ་རྒྱ་ཆེན་རྟེན་སྟོབས་དང་། །ཕུང་པོ་ལྔ་པོ་འང་དེ་དང་འདྲ་བར་ལྟོས། །ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་སྟེ། །སེམས་ཅན་དང་ནི་སངས་རྒྱས་མཚན་ཉིད་མེད། །མཚན་ཉིད་མེད་ལ་མཚན་དུ་འདོད་པ་དེ། །སངས་རྒྱས་ལས་ནི་ཤིན་ཏུ་རིང་བར་འགྱུར། །ཆོས་ཡོད་མ་ཡིན་ཀུན་ཏུ་རྟོག་པས་བསླད། །དངོས་པོ་མེད་པར་ཡང་ནི་བརྟེན་ནས་ཤེས། །བྱེད་པ་མེད་ཅིང་བྱེད་པ་པོ་ལས་འདས། །མིང་དུ་འཛིན་པས་སྟོང་པ་རབ་ཏུ་སྟོན། །གང་གིས་རྒྱུ་དང་བྱེད་པོ་རྐྱེན་མིན་ཤེས། །དེས་ནི་ཆགས་བྲལ་གྱུར་པའི་ཆོས་ཀྱང་ཤེས། །འདོད་ཆགས་བྲལ་བའི་ཆོས་ནི་ཤེས་གྱུར་ན། །དེས་ནི་རྣམ་དག་མིག་གིས་སངས་རྒྱས་མཐོང་། །ཡང་དེའི་ཚེ་ཚིགས་སུ་བཅད་པ་དག་བརྗོད་དེ་བསྟན་པ་ན་སྒྱུ་མ་མཁན་བཟང་པོ་ཆོས་ལ་ངེས་པར་རྟོགས་པ་དང་འཐུན་པའི་བཟོད་པ་ཆུང་ངུ་སྐྱེས་སོ། །སྲོག་ཆགས་ལྔ་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྔོན་མ་བསྐྱེད་པ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞལ་ཟས་སྤྲུལ་པ་དེ་གསོལ་ནས་སྒྱུ་མ་མཁན་བཟང་པོའི་ཡོན་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་གིས་སྦྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ནི། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་གྱི་ཁྱམས་འདི་རྒྱན་གྱིས་བརྒྱན་བཞིན་དུ་དགུང་བདུན་དུ་གནས་ཤིང་མི་གདའ་བར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཁྱམས་དེ་ཇི་ལྟར་རྒྱན་གྱིས་བརྒྱན་བཞིན་དུ་ཞག་བདུན་དུ་གནས་ཤིང་མི་སྣང་བར་མི་འགྱུར་བར་བྱིན་གྱིས་བརླབ་པ་མཛད་དོ།