Degé Kangyur volume 42, F.230.a
།རྫུ་འཕྲུལ་རྐང་དང་མངོན་ཤེས་མཆོག་ལ་མཁས། །དབང་པོ་སྟོབས་དང་རྣམ་པར་ཐར་པ་བསླབས། །སེམས་ཅན་ཀུན་གྱི་སྤྱོད་པ་ཐུགས་ཆུད་རྟོགས། །མཉམ་མེད་ཡེ་ཤེས་མཚོ་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ཀྱི་སེམས་རྒྱུད་རབ་ཏུ་མཁྱེན། །སྤྱོད་པ་གང་དང་ཇི་ལྟར་ལས་འབྱུང་དང་། །ཚུལ་སྒོ་གང་གིས་རྣམ་པར་གྲོལ་འགྱུར་བ། །དེ་ནི་བཅོམ་ལྡན་མི་ཡི་མཆོག་གིས་མཁྱེན། །འདོད་ཆགས་ཞེ་སྡང་གཏི་མུག་འབྱུང་བ་སྤོང་། །གང་གིས་སེམས་ཅན་ངན་སོང་གསུམ་མཆི་དང་། །གང་གིས་བདེ་འགྲོར་མཆི་བར་འགྱུར་བའི་ལས། །འགྲོ་བས་ལེགས་པར་བགྱིས་དང་ནོངས་བགྱིས་མཁྱེན། །འགྲོ་ལ་ཕན་མཛད་གང་དག་འདས་རྣམས་དང་། །ད་ལྟར་ལྷ་དང་མི་ཡིས་མཆོད་རྣམས་དང་། །གང་དག་མ་བྱོན་ཡོན་ཏན་མཆོག་མཐར་ཕྱིན། །བདེ་གཤེགས་དེ་དག་ཐམས་ཅད་རབ་ཏུ་མཁྱེན། །དག་པའི་ཞིང་དང་ཕུན་སུམ་ཚོགས་འཁོར་དང་། །བྱང་ཆུབ་སེམས་དཔའི་ཚོགས་དང་ཉན་ཐོས་དང་། །དྲང་སྲོང་ཆེན་པོ་རྣམས་ཀྱི་སྐུ་ཚེའི་ཚད། །རྣམ་པ་ཀུན་ཏུ་མ་ལུས་རྣམ་པར་མཁྱེན། །མྱ་ངན་འདས་ནས་ཆོས་གནས་ཅི་འདྲ་དང་། །རྒྱལ་བའི་རིང་བསྲེལ་མཆོད་པ་ཅི་འདྲ་དང་། །དེར་ནི་ཆོས་མཛོད་འཛིན་པ་ཅི་འདྲ་བ། །དེ་དག་མ་ལུས་མི་ཡི་དམ་པས་མཁྱེན། །དུས་གསུམ་རྣམས་སུ་རྟག་པར་སྟོབས་བཅུ་ཡི། །ཡེ་ཤེས་མཁྱེན་པ་སྒྲིབ་པ་མི་མངའ་འཇུག །ཆོས་རྣམས་ཀུན་ལ་ཐུགས་ནི་ཆགས་མི་མངའ། །ཕྱག་འཚལ་རྒྱལ་བ་ཡེ་ཤེས་མཚོ་ཁྱོད་ལ། །ཁྱོད་དང་མཚུངས་མཉམ་མ་མཆིས་ག་ལ་ལྷག །སྐར་མ་རྣམས་ཀྱིས་ནམ་མཁར་སྤྲས་པ་ལྟར། །མཚན་རྣམས་ཀྱིས་ཀྱང་སྐུ་ནི་རབ་སྤྲས་པ། །མི་མཆོག་ཐུབ་པ་མཆོག་ལ་ཕྱག་འཚལ་ལོ། །གཟུགས་ཀྱང་མཚུངས་པ་མ་མཆིས་ཡིད་དུ་མཆི། །ལྷར་བཅས་འགྲོ་བ་ཟིལ་དུ་རླག་པར་བགྱིད། །ཚངས་པ་བརྒྱ་བྱིན་འོག་མིན་ལྷ་ཡི་རྣམས། །ཁྱོད་ཀྱི་སྤྱན་སྔ་དེ་དག་མཛེས་མ་ལགས། །ཁྱོད་ནི་གསེར་གྱི་རི་ལྟར་དྲི་མི་མངའ། །དབུ་སྣུམ་འཇམ་ཞིང་གཡས་སུ་འཁྱིལ་པར་གནས། །ལྷུན་པོའི་རྒྱལ་པོ་ལྟ་བུར་སྤྱི་གཙུག་འཕགས། །བསོད་ནམས་རྒྱ་ཆེན་བྱུང་བ་ལམ་མེར་བཞུགས། །འོད་ཟེར་བྱེ་བ་ཁྲག་ཁྲིག་རབ་འགྱེད་ཅིང་། །ཁྱོད་ཀྱི་སྨིན་མའི་མཚམས་ཀྱི་མཛོད་སྤུ་མཛེས།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh62.html?part=UT22084-042-003-321862#UT22084-042-003-321862