Degé Kangyur volume 42, F.248.a
བདག་ནི་ད་ལྟར་འདོད་པའི་ཡོན་ཏན་མོས་མ་ལགས། །ཉོན་མོངས་གང་དག་ངན་འགྲོའི་གཡང་སར་ལྟུང་བྱེད་པ། །སྡུག་པ་ཐམས་ཅད་དགྲ་དང་མཚུངས་ཏེ་རྗེས་མི་སྲུང་། །མི་མཁས་བྱིས་པ་སྐྱེ་བོ་དེ་དག་བུད་མེད་དགའ། །བདུད་ཀྱི་ཞགས་པ་ཡོན་ཏན་འཆིང་བ་གཡང་ས་ཆེ། །རྟག་ཏུ་འཕགས་པའི་སྐྱེ་བོས་དེ་དག་དེ་ལྟར་སྨད། །སེམས་དམྱལ་ངན་འགྲོ་མྱ་ངན་རྩ་བ་ཅི་ཕྱིར་བསྟེན། །བུད་མེད་འདི་དག་ལྤགས་པའི་གཟུགས་ཀྱིས་དགའ་བ་ཙམ། །བདག་ནི་རུས་རྒྱུས་འཁྲུལ་འཁོར་མི་གཙང་དོན་མི་གཉེར། །ཁྲག་དང་གཅིན་དང་མི་གཙང་བ་དང་དྲི་མ་འཛག །གསལ་བ་དུར་ཁྲོད་འདྲ་ལ་ཇི་ལྟར་དགའ་བར་བགྱི། །གླུ་དང་གར་དང་རོལ་མོའི་དབྱངས་སྒྲ་གཟུང་མི་བགྱི། །དགའ་བ་རྨི་ལམ་འདྲ་བ་མི་མཁས་རྨོངས་པར་བགྱིད། །ཀུན་ཏུ་རྟོག་པ་སྲེད་གྱུར་མི་མཁས་འདིར་བརླག་གིས། །ཅི་ཕྱིར་བྱིས་པའི་སྐྱེ་བོ་ལྟ་བུར་ཉོན་མོངས་འཁོལ། །ཤིང་ལྕུག་འདི་དག་ཐམས་ཅད་དགུན་གྱི་དུས་བྱུང་ན། །དགོན་དུང་ཤིང་ལྟར་འགྱུར་ཏེ་དགའ་བར་འགྱུར་མ་ལགས། །མི་རྟག་འདི་ཡིས་དཔལ་རྣམས་ཐམས་ཅད་བཤིག་གྱུར་ཏེ། །སྲོག་གཡོར་གྱུར་ཀྱང་གཏི་མུག་གིས་ནི་བག་མེད་གྱུར། །སེམས་ནི་རྒྱ་མཚོ་ལྟ་བུར་ཚིམ་པར་བྱེད་མི་ནུས། །སྲིད་པ་རབ་ཏུ་འཕེལ་ལ་དགའ་བས་ཕྱིར་ཞིང་འདོད། །འདོད་རྒྱུས་ཕན་ཚུན་གསོད་པའི་འགྲོ་ལ་བལྟས་ནས་སུ། །འདི་ན་ཇི་ལྟར་ལྷུན་པོ་རླུང་གིས་མི་བསྐྱོད་བཞིན། །རྒྱལ་པོ་ཁྱོད་དང་ཕ་དང་ལྷན་ཅིག་སྐྱེས་པ་དང་། །གཉེན་གྱི་སྐྱེ་བོ་ཆུང་མ་ངན་སོང་བདག་སྐྱབས་མིན། །བདག་ཅག་ཐམས་ཅད་རྩྭ་རྩེའི་ཟིལ་པ་འདྲ་བ་སྟེ། །སེམས་ཀྱི་དབང་དུ་འགྲོ་བར་མ་གྱུར་བག་ཡོད་མཛོད། །མི་དབང་དར་ལ་བབ་པ་མི་རྟག་ཅིར་མི་རུང་། །སྲོག་ཀྱང་རི་ཡི་ཆུ་ལྟར་མྱུར་འགྲོ་ཅིར་མི་རུང་། །འདུས་བྱས་འདི་ཟད་གློག་སྤྲིན་འདྲ་སྟེ་ཅིར་མི་རུང་། །རྒྱལ་པོ་མཁས་ལ་སྲིད་གསུམ་འདོད་ལ་ཆགས་པ་ངན། །ལྷ་རྣམས་ཀྱིས་ནི་བདག་ལ་བག་ཡོད་འགྱུར་གྱིས་ཤིག །བྱང་ཆུབ་སེམས་དཔའ་ཡུལ་ལ་ཆགས་པ་མིན་ཞེས་བསྐུལ། །འཇིག་རྟེན་ཕན་པ་སྙིང་བརྩེ་སངས་རྒྱས་འདིར་འགྱུར་བགྱི། །རྒྱལ་པོ་བག་མེད་སྤྱོད་ལ་བྱང་ཆུབ་ཡོད་མ་ལགས།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh62.html?part=UT22084-042-003-321898#UT22084-042-003-321898