Degé Kangyur volume 42, F.247.a

བདག་དང་མི་མཛའ་བའི་ཚོགས་ཆེན་པོ་དང་། བདག་གི་དགེ་བའི་ཆོས་ཡོངས་སུ་ཉམས་པར་བྱེད་པ་བྱུང་སྟེ་བལྟ་བར་མི་བྱའོ་སྙམ་པའི་སེམས་བསྐྱེད་དོ། །​དེ་དེའི་ཚེ་འདི་ལྟ་སྟེ་དཔེར་ན་གསང་བར་བྱ་བའི་མི་ཡིས་གཤེད་མ་མཐོང་ན་ངོ་མཚར་གྱི་སེམས་མི་སྐྱེད་པ་དེ་བཞིན་དུ་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཡང་བུད་མེད་དེ་དག་མཐོང་ན་ངོ་མཚར་དུ་མི་འཛིན་ཏོ། །​གྲོང་ཁྱེར་དེ་ལ་ཡང་གྲོགས་དང་ལྷན་ཅིག་ངོ་མཚར་དུ་མི་འཛིན་ཏོ། །​ལོ་བཅུ་པོ་དེ་དག་གི་བར་དུ་བདག་ནམ་ཞིག་ན་མི་མཛའ་བའི་ཚོགས་རྣམ་པ་འདི་ལྟ་བུའི་ནང་ནས་ཐར་བར་འགྱུར་སྙམ་པ་དང་། བདག་ནམ་ཞིག་ན་བག་ཡོད་པའི་སྤྱད་པ་སྤྱོད་ཅིང་དེས་བདག་ཐར་བར་འགྱུར་ཞིག་གུ་སྙམ་པ་དེ་ལྟ་བུའི་སེམས་འཇུག་པ་མ་གཏོགས་པར་ནམ་ཡང་གཟུགས་ཀྱི་མཚན་མ་བཟུང་བར་མ་གྱུར་ཏེ། དེ་བཞིན་དུ་སྒྲའི་མཚན་མ་དང་། དྲིའི་མཚན་མ་དང་། རོའི་མཚན་མ་དང་། རེག་གི་མཚན་མ་བཟུང་བར་མ་གྱུར་ཏོ། །​དེ་ནས་བུ་མོ་དེ་དག་གིས་རྒྱལ་པོ་འོད་ཟེར་ལྡན་ལ་ལྷ་གཞོན་ནུ་ནི་མི་རོལ་ཏོ། །​དགྱེས་པར་མི་མཛད་དོ། །​དགྱེས་དགུར་མི་སྤྱོད་དོ་ཞེས་སྨྲས་སོ།​། །​།བམ་པོ་གསུམ་པ་སྟེ་ཐ་མ། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་རྒྱལ་པོ་བརྒྱད་ཁྲི་དང་ལྷན་ཅིག་ཏུ་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གདོང་ལས་མཆི་མ་འཛག་ཅིང་ལུས་འདར་ཏེ་མྱ་ངན་གྱིས་ས་ལ་འགྱེལ་ཏོ། །​དེས་ལས་ལངས་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཚིགས་སུ་བཅད་དེ་སྨྲས་པ། བུ་གཅིག་རིན་ཆེན་དམ་པ་ང་ལ་ལྟོས་ཤིང་སྨྲོས། །​ང་ནི་མྱ་ངན་གཟིར་ཏེ་ཁྱིམ་ནང་ས་ལ་འགྱེལ། །​སུ་ཡིས་ཁྱོད་མི་དགའ་བྱས་དེ་མྱར་ང་ལ་སྨྲོས། །​དེ་འདིར་དེའུ་རེ་ཆད་པ་ཆེན་པོས་གཅད་པར་བྱ། །​ཁྱོད་ཀྱི་ཆེད་དུ་ངས་འདིར་ཡིད་ཀྱིས་གང་སྨྲས་པ། །​ལྷ་ཡི་ཁྱིམ་ལྟར་ཉམས་དགའ་གྲོང་ཁྱེར་དེར་ལྟོས་ཤིག །འདི་ལ་ཡན་ལག་མ་ཚང་ཅི་ཡོད་དེ་མྱུར་སྨོས། །​བརྒྱ་བྱིན་ལྟ་བུའི་འབྱོར་པ་དེ་རིང་ཁྱོད་ལ་བསྟན། །​པད་མའི་མིག་ཅན་མིག་མཛེས་མྱ་ངན་ཉམ་ཐག་པ། །​ལྷ་ཡི་བུ་མོ་ལྟ་བུའི་བུད་མེད་ཚོགས་སྨྲ་ལྟོས། །​མྱ་ངན་ཐུལ་ཏེ་དེ་དག་རྣམས་དང་དེ་རིང་རྩེས། །​ཅི་ཕྱིར་ཟུག་རྔུས་ཟུག་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh62.html?part=UT22084-042-003-321896#UT22084-042-003-321896