Degé Kangyur volume 42, F.242.b

ཆོས་བགྲོ་བ་བྱེད་པ་དང་ཡེ་ཤེས་ལ་མི་རྟོག་པ་མང་བ་དང་། རང་དགར་བྱེད་པ་དང་། ཤར་གཉེར་བ་དམ་པ་དང་། གནོད་སེམས་ཀྱིས་རྒྱས་པ་དང་། རིགས་པ་མ་ཡིན་པའི་འཁོར་གྱི་སྐྱེ་བོ་དང་བགྲོ་བ་བྱེད་པས་བསྟན་པ་འདི་ལ་སྤྱོད་པར་འགྱུར། ཡོངས་སུ་མི་འདྲི་བའི་ངང་ཚུལ་ཅན་དང་། ཆོས་མཉན་པ་དོན་དུ་མི་གཉེར་བར་འགྱུར། མི་རིགས་པའི་སྤྱོད་པས་དབུལ་པོའི་ཁྱིམ་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར། དེ་དག་དབུལ་པོའི་ཁྱིམ་ནས་རབ་ཏུ་བྱུང་ནས་རྙེད་པ་ཙམ་གྱིས་བསྟན་པ་འདི་ལ་དགའ་བ་སྐྱེད་པར་འགྱུར་རོ། །​དེ་དག་ལ་ཉེས་པ་བཤགས་པ་ཡང་མེད་པར་འགྱུར་ན་ཡེ་ཤེས་མངོན་པར་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་བོར་ནས་ཤེས་ཀྱི་ཁེ་དང་རྙེད་པ་ཙམ་གྱིས་བདག་དགེ་སྦྱོང་ངོ་ཞེས་བདག་ཉིད་ཁས་འཆེ་བར་འགྱུར་ཏེ། ཡུལ་འཁོར་སྐྱོང་ང་ནི་གང་ཟག་དེ་ལྟ་བུ་དེ་དག་ལ་རྗེས་སུ་འཐུན་པའི་བཟོད་པ་ཡང་མི་སྨྲ་ན་སངས་རྒྱས་ཀྱི་ཡེ་ཤེས་ལྟ་ག་ལ་ཞིག་དེ་དག་ལ་ནི་བདེ་འགྲོ་ཡང་རིང་ན་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཡུལ་འཁོར་སྐྱོང་གང་ཟག་དེ་ལྟ་བུ་དེ་དག་ལ་བྱང་ཆུབ་ཀྱི་བར་ཆད་བྱེད་པའི་ཆོས་བརྒྱད་ཡོད་པར་སྨྲ་སྟེ། བརྒྱད་གང་ཞེ་ན། ངན་སོང་གསུམ་དུ་སྐྱེ་བ་དང་། མཐའ་ཁོབ་པའི་མིའི་ནང་དུ་སྐྱེ་བ་དང་། དབུལ་བའི་ཁྱིམ་དུ་སྐྱེ་བ་དང་། རིགས་དམའ་བར་སྐྱེ་བ་དང་། མདོག་ངན་ཅིང་རྟོགས་པ་ཞན་པ་དང་། སྡིག་པའི་བཤེས་གཉེན་དང་ཕྲད་པ་དང་། ནད་མང་བ་དང་། ཡ་ང་བ་མ་སྤངས་པས་འཆི་བའི་དུས་བྱེད་པར་འགྱུར་བ་སྟེ། ཡུལ་འཁོར་སྐྱོང་ཆོས་བརྒྱད་པོ་དེ་དག་ནི་བྱང་ཆུབ་ཀྱི་བར་ཆད་བྱེད་པར་བརྗོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཡུལ་འཁོར་སྐྱོང་ཚིག་གིས་ཁས་འཆེ་བ་ལ་བྱང་ཆུབ་ཅེས་ང་མི་སྨྲའོ། །​ཚུལ་འཆོས་པ་ལ་སྤྱོད་པ་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། །​གཡོ་བྱེད་པ་ལ་བྱང་ཆུབ་ཀྱི་སྤྱོད་པ་ཞེས་ང་མི་སྨྲའོ། །​ཟང་ཟིང་ལྷུར་ལེན་པ་ལ་སངས་རྒྱས་ལ་མཆོད་པ་ཞེས་ང་མི་སྨྲའོ། །​མངོན་པའི་ང་རྒྱལ་ཅན་ལ་ཤེས་རབ་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། །​ཤེས་རབ་འཆལ་པ་ལ་ཐེ་ཚོམ་གཅོད་པ་ཞེས་ང་མི་སྨྲའོ། །​སེར་སྣ་ཅན་ལ་བསམ་པ་ཡོངས་སུ་དག་པ་ཞེས་ང་མི་སྨྲའོ། །​མི་བརྩོན་པ་མང་བ་ལ་གཟུངས་ཐོབ་པ་ཞེས་ང་མི་སྨྲའོ། །​ཡང་དག་པའི་ཡོན་ཏན་མ་ཡིན་པ་ཡོངས་སུ་ཚོལ་བ་ལ་བདེ་འགྲོ་འཐོབ་ཅེས་ང་མི་སྨྲའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh62.html?part=UT22084-042-003-321887#UT22084-042-003-321887