Degé Kangyur volume 42, F.185.b

བསྐྱེད་ཅི་དགོས། འཁོར་བའི་མཐའ་ནི་ཤིན་ཏུ་ཐག་རིང་སྟེ་འགྲོ་བ་ལྔ་པོ་རྣམས་སུ་ཁ་བརྒྱུད་ཅིང་སྡུག་བསྔལ་ཚད་མེད་མྱོང་བས་ཁོམ་པ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། ཤིན་ཏུ་དང་བའི་དད་པ་ཐོས་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་དང་ཕྲད་པར་གྱུར་ན་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཆེས་ཤིན་ཏུ་དཀའ་བས་དེང་ཁྱེད་ཁོམ་པ་དང་ལྡན་པ་ཆུད་མ་གཟན་ཅིག །​ཁྱོད་དེ་བཞིན་གཤེགས་པ་རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་བསྟན་པ་ཐོབ་པ་ཡང་མ་ཡིན་ལ། དགེ་བའི་རྩ་བ་ངེས་པར་གྱུར་པ་ཡང་མ་ཡིན་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མི་ཐོབ་ཅིང་འགྲོ་བ་ལྔ་པོ་རྣམས་སུ་འཁོར་བར་འགྱུར་རོ་ཞེས་སྨྲས་པས་གང་ཟག་དེས་དེ་སྐད་སྨྲས་པ་ཐོས་པའི་དབང་གིས་སེམས་བྱིང་ནས་བྱང་ཆུབ་ཀྱི་ལམ་ལས་ལྡོག་ཅིང་ལེ་ལོས་མོས་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་བར་འགྱུར་རོ། །​གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་རྗེས་སུ་འཐུན་པའི་མདོ་སྡེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དང་། བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་སྡུད་པའི་མདོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་འཐུན་པའི་མདོ་ཐོས་པར་མ་གྱུར་ན། འདི་ལྟར་ཐོས་པར་མ་གྱུར་པའི་ཕྱིར་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་མི་འགྱུར། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སློབ་པར་མི་འགྱུར་བས་དེས་བྱང་ཆུབ་སེམས་དཔས་ཆོས་གང་ནི་བསྟེན་པར་བྱ། ཆོས་གང་ནི་ཡོངས་སུ་སྤང་བར་བྱ། ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་རིགས། ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་མི་རིགས། ཆོས་གང་ནི་བྱང་ཆུབ་སེམས་དཔའི་ཆོས་ཡིན། ཆོས་གང་ནི་ཉན་ཐོས་ཀྱི་ཆོས་ཡིན་པ་དག་རབ་ཏུ་མི་ཤེས་སོ། །​འདི་ལྟར་མི་ཤེས་ཤིང་རབ་ཏུ་འབྱེད་པར་མི་ནུས་པའི་ཕྱིར་བསྟེན་པར་བྱ་བའི་རིགས་པའི་ཆོས་ནི་བསྟེན་པར་མི་བྱེད་ལ། བསྟེན་པར་བྱ་བའི་མི་རིགས་པའི་ཆོས་ལ་ནི་རབ་ཏུ་བསྟེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-795#UT22084-042-002-795