Degé Kangyur volume 42, F.187.b

གཅོད་ཅིང་། །​རྟག་པར་མང་ཐོས་གཉེར་བར་བྱ། །​ཁྲིམས་བསྲུངས་གནས་གཙང་རབ་ཏུ་སྐྱེ། །​དྲན་པས་ཤེས་རབ་སྦྱོང་བར་འགྱུར། །​བརྩོན་འགྲུས་སངས་རྒྱས་ཆོས་ཀྱང་སྦྱོང་། །​མང་ཐོས་ཤེས་རབ་ཆེན་པོ་སྐྱེ། །​དེ་བས་བྱང་ཆུབ་སེམས་དཔའ་རྣམས། །​དེ་འདྲའི་ཆོས་ནི་བསླབ་པར་བྱ། །​དེ་འདྲའི་ཆོས་ནི་རབ་བསླབས་ན། །​བླ་མེད་འཁོར་ལོ་སྐོར་བར་འགྱུར། །​གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་བྱང་ཆུབ་ལ་ཕན་འདོགས་པར་འགྱུར་རོ། །​བཞི་གང་ཞེ་ན། ཚུལ་ཁྲིམས་སྲུང་བ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །​བཟོད་པ་སྒོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །​བརྩོན་འགྲུས་རྩོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །​མང་དུ་ཐོས་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་ཏེ། གང་པོ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་ལ་ཕན་འདོགས་པ་ཞེས་བྱའོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་གསལ་བར་རབ་ཏུ་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྲིམས་སྲུང་བ། །​བྱང་ཆུབ་ལ་ནི་ཕན་འདོགས་ཏེ། །​བརྩོན་འགྲུས་དང་ནི་བཟོད་པ་དང་། །​མང་དུ་ཐོས་པ་དེ་བཞིན་ནོ། །​ཚུལ་ཁྲིམས་དག་པ་གང་སྲུང་བ། །​སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། །​ཁྲིམས་གཙང་ཕན་འདོགས་མང་བས་ན། །​བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །​བྱང་ཆུབ་སེམས་དཔའ་བཟོད་སྒོམ་པ། །​ལུས་ཀྱི་མཚན་དང་ཤེས་རབ་འགྲུབ། །​དེ་ཕྱིར་བཟོད་པ་རབ་བསྒོམས་ན། །​སངས་རྒྱས་མཚན་དང་ཤེས་རབ་གཏེར། །​བརྩོན་འགྲུས་ཀྱང་ནི་དེ་བཞིན་དུ། །​བྱང་ཆུབ་མང་དུ་ཕན་འདོགས་པས། །རྟག་ཏུ་བརྩོན་འགྲུས་གང་རྩོམ་པ། །​བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །​མང་ཐོས་ཀྱིས་ཀྱང་ཕན་འདོགས་པས། །​ཐོས་ནས་ཆོས་ལ་རབ་བསྟེན་ཅིང་། །​ཆོས་མིན་དག་ནི་སྤོང་བྱེད་པས། །​བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །​ཆོས་བཞི་ས་བོན་ཡིན་པས་ན། །​དེ་ལས་བྱང་ཆུབ་རབ་ཏུ་སྐྱེ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །​ཆོས་ཀྱི་ཕན་ལ་བསྟེན་པར་བྱ། །​གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་བཞི་དང་ལྡན་པར་གྱུར་ན་ལུས་ཀྱི་ཁ་དོག་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-799#UT22084-042-002-799