Degé Kangyur volume 41, F.292.b

ལྷ་དང་མིའི་སྐྱེ་དགུ་ལས་ཁྲག་ཁྲིག་དགུ་བཅུ་རྩ་དྲུག་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཇི་སྙེད་ཅིག་ཏུ་འགྱུར། དེའི་སྐུ་ཚེའི་ཚད་ནི་ཇི་ཙམ་ཞིག་ཏུ་འགྱུར། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ལ་དྲིས་ཤིག །​དེ་ནས་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་ཁྱོད་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་གང་གི་ཚེ་ནམ་མཁའི་ཁམས་གཟུགས་ཅན་དུ་གྱུར་པ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །​གང་གི་ཚེ་སྒྱུ་མའི་སྐྱེས་བུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །​གང་གི་ཚེ་དགྲ་བཅོམ་པ་ཟག་པ་ཟད་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །​གང་གི་ཚེ་རྨི་ལམ་གྱི་སྐྱེས་བུ་དང་། བྲག་ཅ་དང་། མིག་ཡོར་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །​གང་གི་ཚེ་ཉི་མའི་འོད་ཀྱིས་མཚན་མོར་གྱུར་ལ་ཟླ་བའི་འོད་ཀྱིས་ཉིན་མོར་གྱུར་པ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །​རིགས་ཀྱི་བུ་དེ་ལྟ་ཡིན་གྱིས། སུ་བྱང་ཆུབ་ཏུ་སྨོན་པ་དེ་ལ་དྲིས་ཤིག །​སྨྲས་པ། འཇམ་དཔལ་ཁྱོད་བྱང་ཆུབ་ཏུ་མི་སྨོན་ཏམ། །​སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh59.html?part=UT22084-041-004-565#UT22084-041-004-565