Degé Kangyur volume 41, F.196.a

སིལ་སྙན་སྣ་ཚོགས་ཀྱང་དཀྲོལ་དུ་བཙུད་དོ། །​དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་བརྒྱན་ནས་གང་རྒྱལ་པོའི་ཕོ་བྲང་པད་མ་ཅན་ཀུན་ན་མེ་ཏོག་དང་། དྲི་དང་། བྱུག་པ་ཡོད་པ་རྣམས་སུས་ཀྱང་མ་སྤྱད་ཅིག །​མ་བཙོང་ཤིག །​དེ་ཐམས་ཅད་བཅོམ་ལྡན་འདས་མར་མེ་མཛད་ལ་འབུལ་ཞིང་མཆོད་པའི་ལས་སུ་གྱིས་ཤིག །​ལ་ལ་ཞིག་སྤྱོད་དམ་འཚོང་ན་དེ་ནི་ཆད་པ་ཆེན་པོས་བཅད་དོ་ཞེས་སྒྲ་བསྒྲགས་སོ། །​དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དཀྲོལ་བ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོས་རྒྱལ་པོའི་ཕོ་བྲང་པད་མ་ཅན་ནས་ཕྱིར་བྱུང་ངོ་། །པ་དམ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་ཞབས་ལ་ཕྱག་འཚལ་ཏེ། མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས། བློན་པོ་དང་། འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ཞབས་འབྲིང་དུ་འབྲང་བ་དང་། རྒྱལ་པོ་དགྲ་ཐུལ་སེམས་དགའ། སེམས་མགུ། སེམས་ལ་སྒྲིབ་པ་མེད། སེམས་རངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ངོ་། །​ཡང་དེའི་ཚེ་ན་གངས་རིའི་ངོས་ལ་བྲམ་ཟེ་རིན་པོ་ཞེས་བྱ་བ་གཡོག་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཡོད་པ། ཀློག་ཏུ་འཛུད་པའི་མཁན་པོ་སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་དང་། སྔོན་བྱུང་བ་ལྔ་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་རེ་རེ་ཞིང་ལུང་བསྟན་པ་དང་། འཇིག་རྟེན་རྒྱང་པ་ན་པ་དང་། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་རྟོགས་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-3193#UT22084-040-007-3193