Degé Kangyur volume 40, F.276.b

ཕྲག་དུ་མ་རྣམས་བཅོམ་ལྡན་འདས་གཤེགས་པའི་ཞབས་འབྲིང་དུ་དོང་ངོ་། །​དེ་ནས་བཅོམ་ལྡན་འདས་ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །​དེ་ནས་གནོད་སྦྱིན་ཅི་འཇིགས་འཁོར་དང་བཅས་པས་ལྷའི་མེ་ཏོག་མན་དཱ་ར་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ལྷའི་ཙན་དན་གྱི་ཕྱེ་མ་བླངས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །​གཏོར་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །​དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཅི་འཇིགས་ཀྱི་བསམ་པ་ཡང་མཁྱེན། དེའི་འཁོར་གནོད་སྦྱིན་མང་པོའི་བསམ་པ་ཡང་མཁྱེན་ནས་འཛུམ་པ་མཛད་དོ། །​ཆོས་ཉིད་ནི་འདི་ཡིན་ཏེ། ནམ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེ་ན་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས་ཉི་མ་དང་ཟླ་བའི་གཟི་བརྗིད་མེད་པར་བྱས་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་དབུའི་གཙུག་ཏུ་ནུབ་བོ། །​ཁ་ཅིག་ནི་ཕྲག་པར་ནུབ་བོ། །​ཁ་ཅིག་ནི་པུས་མོར་ནུབ་བོ། །​ཆོས་ཉིད་ནི་འདི་ཡིན་ཏེ། ནམ་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་ཞབས་གཉིས་ཀྱི་འོག་ཏུ་ནུབ་པར་འགྱུར་རོ། །​ནམ་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །​ནམ་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་མདུན་དུ་ནུབ་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56.html?part=UT22084-040-007-2766#UT22084-040-007-2766